ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་པས་འཁྲུག་རྩོད་བྱས་ཏེ་མི་གྱ་གཉིས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་མཉམ་འབྲེལ་སྲིད་གཞུང་གི་དཔོན་པོ་ཞིག་གིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་པས་དབུས་ཕྱོགས་ཀྱི་མཱ་ལི་པུའུ་ཞིང་ཆེན་དུ་མུ་མཐུད་དུ་འཁྲུག་རྩོད་དྲག་པོ་བྱེད་བཞིན་ཡོད་པ་དང་། འདས་པའི་ཉིན་གཉིས་ཀྱི་ནང་ཉུང་མཐར་ཡང་སྲིད་གཞུང་གི་དམག་མི་སོ་བཞི་དང་ཧུའུ་སེ་དྲག་ཆས་མི་སྣ་ཞེ་བརྒྱད་འཁྲུག་རྩོད་ལས་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

མིང་བཤད་མི་འདོད་པའི་དཔོན་པོ་ཞིག་གིས་བཤད་རྒྱུར། ཧུའུ་སེ་དྲག་ཆས་པས་འདས་པའི་ཉིན་གཉིས་ཀྱི་ནང་མཱ་ལི་པུའུ་ཞིང་ཆེན་སྲིད་གཞུང་གིས་ཚོད་འཛིན་བྱེད་པའི་ས་ཁོངས་སུ་དཔུང་འཇུག་བྱས་པས། སྲིད་གཞུང་དམག་དཔུང་གིས་སོ་ཏི་ཨ་རབ་ཀྱིས་སྣེ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་བར་སྣང་རོགས་སྐྱོར་འོག་ཧུའུ་སེ་དྲག་ཆས་པར་རྒོལ་ལན་སྤྲད་པ་རེད་ཟེར། 

ཧུའུ་སེ་དྲག་ཆས་པས་གཉེར་བའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་ཚེས་བཅུ་དྲུག་ཉིན་བསྒྲགས་པ་ལྟར་ན། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་འཐབ་འཛིང་གནམ་གྲུས་བསྟུད་མར་ཉིན་གཉིས་ཀྱི་ནང་ཧུའུ་སེ་དྲག་ཆས་པའི་མཱ་ལི་པུའུ་ཞིང་ཆེན་གྱི་དམག་དོན་རྟེན་གཞིར་འགས་གཏོར་བཏང་ཟེར་ཡང་། བྱེ་བྲག་ཏུ་ཤི་རྨས་བྱུང་བའི་ཁ་གྲངས་གསལ་བོར་བསྒྲགས་མེད། 

མཱ་ལི་པུའུ་ཞིང་ཆེན་ནི་ཡེ་མིན་གྱི་རྡོ་སྣུམ་ཐོན་སྐྱེད་བྱེད་པའི་ས་ཁུལ་གཙོ་བོ་ཡིན་པ་དང་། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་བཀོད་འདོམ་པུའུ་ཡོད་སའང་ཡིན། ད་ལོའི་ཚུན་ལ། ཧུའུ་སེ་དྲག་ཆས་པ་དང་ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཞིང་ཆེན་དེ་ནས་ཐེངས་མང་བོར་འཁྲུག་རྩོད་དྲག་པོ་བྱས་ཏེ། མི་སྟོང་ཕྲག་ཙམ་རྐྱེན་ལམ་དུ་ཤོར་བ་དང་། ཁྱིམ་ཚང་སྟོང་ཕྲག་མང་བོར་འགྲོ་སའི་ཁྱིམ་མེད་པར་གྱུར་ཡོད། 

ཡེ་མིན་ནས་ཉེ་བའི་གཟའ་འཁོར་འགའི་རིང་འཁྲུག་རྩོད་ཛ་དྲག་ཏུ་གྱུར་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་སེམས་ཁུར་བྱེད་བཞིན་ཡོད། ཚེས་བཅོ་ལྔ་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་གནད་དོན་གྱི་ཆེད་མངག་ཕོ་ཉ་ཀི་ལི་ཧྥེ་སི་ཡིས་ཡེ་མིན་འཁྲུག་རྩོད་ཕྱོགས་ཁག་སོ་སོས་འཁྲུག་རྩོད་མཚམས་འཇོག་དགོས་པར་མ་ཟད། ཞི་བདེའི་འཕེལ་རིམ་ཐད་ལྷག་བསམ་རྣམ་དག་ཡིན་དགོས་པའི་འབོད་སྐུལ་བཏང་།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།