ཀྲུང་གོ་བོད་ཀྱི་དྲ་བ།

ལེ་པཱ་ནུན་གྱི་ཕུང་ཐུང་གིས་ལེ་པཱ་ནུན་དང་དབྱི་སི་རལ་གྱི་མཚོ་ཐོག་རྒྱལ་མཚམས་ཀྱི་གྲོས་མོལ་སླར་གསོ་བྱེད་པར་རེ་བའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་གྱི་ཙུང་ཐུང་ཨོ་ཨིན་གྱིས་ཚེས་བཅོ་ལྔ་ཉིན་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གཞོན་པ་ཧེ་ཨར་དང་གྲོས་མོལ་བྱེད་སྐབས་བསྟན་དོན། ལེ་པཱ་ནུན་དང་དབྱི་སི་རལ་གྱི་མཚོ་ཐོག་རྒྱལ་མཚམས་ཀྱི་གྲོས་མོལ་སླར་གསོ་བྱེད་པར་རེ་བ་བྱས་ཡོད་ཟེར། 

ལེ་པཱ་ནུན་གྱི་ཙུང་ཐུང་བཞུགས་ཤག་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཨོ་ཨིན་གྱིས་ལེ་པཱ་ནུན་དང་དབྱི་སི་རལ་གྱི་མཚོ་ཐོག་རྒྱལ་མཚམས་ཀྱི་གྲོས་མོལ་སླར་གསོ་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས་པ་དང་། རྒྱལ་སྤྱིའི་ཆེད་མཁས་པ་རྒྱལ་ཁབ་གཉིས་ཀྱི་མཚོ་ཐོག་རྒྱལ་མཚམས་གསལ་བོར་བྱེད་པའི་བྱ་བར་ཞུགས་དགོས་པའི་རེ་བ་བཏོན་པར་མ་ཟད། ཨ་མེ་རི་ཁས་གྲོས་མོལ་བྱེད་སྐབས་དྲང་བདེན་གྱི་འདུམ་འགྲིག་པའི་ཚུལ་འཛིན་དགོས་པའི་རེ་བ་བཏོན། 

ཧེ་ཨར་གྱིས་གྲོས་མོལ་བྱས་རྗེས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཨ་མེ་རི་ཁས་དུས་ངེས་མེད་དུ་ལེ་པཱ་ནུན་དང་དབྱི་སི་རལ་གྱི་མཚོ་ཐོག་རྒྱལ་མཚམས་ཀྱི་གྲོས་མོལ་ལ་སྟབས་བདེ་བཟོ་བར་གྲ་སྒྲིག་བྱས་ཡོད་པ་དང་། གྲོས་མོལ་དེས་དཔལ་འབྱོར་ཉམས་ཉེན་གྱི་གནས་སུ་ལྷུང་བའི་ལེ་པཱ་ནུན་ལ་རོགས་རམ་བྱེད་ཐུབ་ཟེར། 

ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་བར། ཨ་མེ་རི་ཁའི་འདུམ་འགྲིག་འོག ལེ་པཱ་ནུན་དང་དབྱི་སི་རལ་གྱིས་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ནཱ་ཀུའུ་ལཱ་གྲོང་རྡལ་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པཱ་ནུན་དུ་སྡོད་པའི་གནས་སྐབས་དམག་དཔུང་གི་དམག་སྤྱི་ཁང་ནས་མཚོ་ཐོག་རྒྱལ་མཚམས་དབྱེ་བའི་གནད་དོན་ཐད་ནས་སྐོར་ཐེངས་གསུམ་པའི་ཐད་ཀར་གྲོས་མོལ་སྤེལ་བ་དང་། རྗེས་ནས་གྲོས་མོལ་དེ་ཡུན་ཚད་ལ་ངེས་གཏན་མེད་པར་རྗེས་སུ་སྣུར་བ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།