མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་གི་ཆེད་མཁས་པས་འཇར་པན་གྱིས་ཉིང་རྡུལ་བཙོག་ཆུ་ཕྱིར་རྒྱལ་མཚོའི་ནང་གཏོར་རྒྱུ་ཐག་བཅད་པར་ཡིད་འཕང་བའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་དང་འབྲེལ་བའི་ཆེད་མཁས་པས་ཚེས་བཅོ་ལྔ་ཉིན་ཐུན་མོང་གསལ་སྒྲོག་སྤེལ་ཏེ། འཇར་པན་སྲིད་གཞུང་གིས་ཕྱིར་རྒྱ་མཚོར་གཏོང་བའི་ཐབས་ཀྱིས་ཧྥུའུ་ཏའོ་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱི་དོན་རྐྱེན་བྱུང་བའི་ཉིང་རྡུལ་བཙོག་ཆུ་ཕྱིར་གཏོང་རྒྱུའི་ཆོད་དོན་ལ་ཡིད་འཕང་བའི་ཚུལ་བསྟན་པ་དང་། བྱ་སྤྱོད་དེས་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་མི་ས་ཡ་མང་བོའི་ཚེ་སྲོག་དང་འཚོ་སྡོད་ལ་ཤུགས་རྐྱེན་ཐེབས་སྲིད་པའི་ཚུལ་བསྟན། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དུག་ལྡན་དངོས་རྫས་དང་འགྲོ་མིའི་ཐོབ་ཐང་གནད་དོན་གྱི་དམིགས་བསལ་སྙན་ཞུ་བ་ཨོ་ལོས་ལེ་ཡཱ་ནཱ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཟས་རིགས་དབང་ཆའི་གནད་དོན་གྱི་དམིགས་བསལ་སྙན་ཞུ་བ་ཧྥ་ཧི་ལི། མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་དང་ཁོར་ཡུག་གནད་དོན་གྱི་དམིགས་བསལ་སྙན་ཞུ་བ་པའོ་དབྱེ་ཏི་བཅས་ཀྱིས་མཉམ་འབྲེལ་གསལ་སྒྲོག་ལས་བསྟན་དོན། འཇར་པན་སྲིད་གཞུང་གི་ཆོད་དོན་དེར་ཀུན་གྱིས་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད། རྒྱུ་མཚན་ནི་བཙོག་ཆུ་ཏུན་ས་ཡ་མང་བོ་ཕྱིར་རྒྱ་མཚོར་བཏང་ན་མི་མང་བོའི་ཚེ་སྲོག་དང་ཁོར་ཡུག་ཐད་ཤུགས་རྐྱེན་ཚབས་ཆེན་བཟོ་སྲིད་པ་དང་། དེ་མིན་ད་རུང་འགྲོ་མིའི་ཐོབ་ཐང་དང་འབྲེལ་བའི་འགན་སྲུང་ཐད་འཇིགས་ཉེན་ཆེན་པོ་ཐེབས་སྲིད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། འཇར་པན་སྲིད་གཞུང་གིས་ཉིང་རྡུལ་བཙོག་ཆུ་དེ་ཉིང་རྡུལ་གཙང་སེལ་སྒྲིག་ཆས་ཀྱིས་དྭངས་འབྱེད་བྱས་རྗེས་ཆུའི་ནང་གི་འགྱེད་འཕྲོའི་རང་བཞིན་ལྡན་པའི་རྒྱུ་ཚང་མ་བླངས་ཡོད་པར་བཤད་ཀྱང་། དེའི་སྔོན་གྱི་ལག་ལེན་ལས་ལག་རྩལ་དེས་ཉིང་རྡུལ་བཙོག་ཆུའི་ཁྲོད་ཀྱི་འགྱེད་འཕྲོའི་རང་བཞིན་ལྡན་པའི་རྒྱུ་མ་ལུས་པར་གཙང་སེལ་དཀའ་བའི་ཉེན་ཁ་ཡོད་པ་བདེན་དཔང་བྱས་ཡོད། དེའི་ཞོར་དུ་འཇར་པན་སྲིད་གཞུང་གིས་ཉིང་རྡུལ་བཙོག་ཆུའི་ཁྲོད་ཀྱི་འགྱེད་འཕྲོའི་རང་བཞིན་ལྡན་པའི་རྫས་རྒྱུའི་གནོད་པར་སྣང་ཆུང་བྱས་ཡོད་པ་དང་། དེ་ལས་མིའི་རིགས་དང་ཁོར་ཡུག་ལ་ཐེབས་པའི་འཇིགས་ཉེན་དེ་ལོ་བརྒྱ་ལྷག་ལ་བསྟུད་མར་གནས་སྲིད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། རྒྱ་མཚོར་ཕྱིར་གཏོང་བའི་ཐབས་ཀྱིས་ཧྥུའུ་ཏའོ་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱི་དོན་རྐྱེན་བྱུང་བའི་ཉིང་རྡུལ་བཙོག་ཆུ་ཕྱིར་གཏོང་བ་ནི་ལག་བསྟར་ཆོག་པའི་གདམ་གསེས་གཅིག་པ་མ་ཡིན་པར་བསམ་བློ་བཏང་སྟེ། འཇར་པན་གྱི་ཆོད་དོན་དེར་མི་མང་བོ་འཕང་སེམས་སྐྱེས་ཡོད། འཇར་པན་གྱིས་ཟོལ་མེད་ཀྱིས་གནོད་པ་ཡོད་པའི་རྫས་རྒྱུ་ཕྱིར་ཤོར་བར་སྔོན་འགོག་བྱེད་པ་དང་། རང་གི་བྱ་སྤྱོད་དེའི་ཉེན་ཁར་དཔྱད་འཇོག་གང་ལེགས་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་སྲུང་སྐྱོབ་བྱེད་པ་ལས་རྒྱ་མཚོའི་ཁོར་ཡུག་ལ་གནོད་པ་བཟོ་མི་རུང་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།