ཀྲུང་གོ་བོད་ཀྱི་དྲ་བ།

པེད་ཏིན་གྱིས་ཨ་ཧྥུའུ་ཧན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན་གྱི་སྔོན་ལ་ཕྱིར་འཐེན་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཚེས་བཅུ་བཞི་ཉིན་ཁྱབ་སྒྲོག་བྱས་དོན། ཨ་ཧྥུའུ་ཧན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་དག་ད་ལོའི་ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན་གྱི་སྔོན་ལ་ཕྱིར་འཐེན་བྱས་ཏེ། ཨ་མེ་རི་ཁའི་ལོ་རྒྱུས་སྟེང་དུས་ཡུན་ཆེས་རིང་བའི་འཐབ་འཁྲུག་དེ་མཇུག་སྒྲིལ་བར་བྱེད་རྒྱུ་ཡིན་ཟེར། 

པེད་ཏིན་གྱིས་ཉིན་དེར་ཕོ་བྲང་དཀར་པོ་ནས་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁས་ཟླ་ལྔ་བའི་ཚེས་གཅིག་ཉིན་ནས་བཟུང་གོ་རིམ་ལྡན་པའི་སྒོ་ནས་ཕྱིར་འཐེན་བྱེད་རྒྱུ་ཡིན་པ་དང་། ཨ་མེ་རི་ཁའི་དམག་མི་དང་བྱང་ཆིངས་རྩ་འཛུགས་ཀྱི་མནའ་མཐུན་གྲོགས་པོའི་དམག་དཔུང་དག་ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན་གྱི་སྔོན་ལ་ཕྱིར་འཐེན་བྱེད་རྒྱུ་ཡིན་ཟེར། ཁོས་བསྟན་དོན། ཨ་མེ་རི་ཁས་ཨ་ཧྥུའུ་ཧན་གྱི་འཐབ་འཁྲུག་ཁྲོད་འཇིགས་སྐུལ་ངོ་རྒོལ་དམིགས་འབེན་ཡོངས་འགྲུབ་བྱས་ཡོད་པས། ཨ་མེ་རི་ཁའི་དུས་ཡུན་ཆེས་རིང་བའི་འཐབ་འཁྲུག་དེ་མཇུག་སྒྲིལ་ནས་ཨ་མེ་རི་ཁའི་དམག་དཔུང་དག་ཕྱིར་རང་ཁྱིམ་དུ་ལོག་ཏུ་འཇུག་པའི་དུས་ལ་བབས་ཡོད་ཟེར། 

པེད་ཏིན་གྱིས་བཤད་རྒྱུར། ཨ་མེ་རི་ཁས་དམག་དོན་ཐད་ནས་ཨ་ཧྥུའུ་ཧན་ལ་ཐེ་གཏོགས་བྱེད་མི་སྲིད་ཀྱང་། ཕྱི་འབྲེལ་དང་མི་ཆོས་རིང་ལུགས་ཐད་ཀྱི་བྱ་བ་སྔར་བཞིན་རྒྱུན་སྐྱོང་རྒྱུ་ཡིན། ཨ་མེ་རི་ཁས་མུ་མཐུད་དུ་ཨ་ཧྥུའུ་ཧན་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་པ་དང་། ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་ལ་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། ཨ་ཧྥུའུ་ཧན་སྲིད་གཞུང་དང་ཐཱ་ལེ་པན་བར་གྱི་ཞི་བའི་གྲོས་མོལ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། ཁོས་ད་རུང་བསྟན་དོན། ཐཱ་ལེ་པན་གྱིས་ཨ་མེ་རི་ཁའི་དམག་དཔུང་དང་མནའ་མཐུན་གྲོགས་པོའི་དམག་དཔུང་ཕྱིར་འཐེན་བྱེད་སྐབས་འཇབ་རྒོལ་བྱས་ན། ཨ་མེ་རི་ཁའི་དམག་དཔུང་གིས་བྱེད་ཐབས་གང་རུང་སྤྱད་ནས་རྒོལ་ལན་སྤྲད་དེ་རང་སྲུང་བྱེད་རྒྱུ་ཡིན་ཟེར། 

པེད་ཏིན་གྱིས་ད་རུང་བཤད་རྒྱུར། ཨ་མེ་རི་ཁའི་དམག་མི་སྟོང་གཉིས་དང་ལྔ་བརྒྱ་ཙམ་ཨ་ཧྥུའུ་ཧན་གྱི་འཐབ་འཁྲུག་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། ཨ་མེ་རི་ཁའི་དམག་མི་ཁྲི་གཉིས་ལྷག་ལ་རྨས་ཕོག 

གཞན་ཡང་ཕོ་བྲང་དཀར་པོས་སྤེལ་བའི་གསལ་སྒྲོག་ལྟར་ན། པེད་ཏིན་གྱིས་ཉིན་དེར་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་ལ་ཁ་པར་བཏང་། ཕྱོགས་གཉིས་ཀྱིས་ཨ་མེ་རི་ཁའི་དམག་དཔུང་ཕྱིར་འཐེན་བྱས་རྗེས་རྒྱལ་ཁབ་གཉིས་ཀྱིས་གྲོགས་པོའི་འབྲེལ་བ་བཟང་བོ་སྲུང་འཛིན་བྱེད་པའི་དམ་བཅའ་ལ་གྲོས་བསྡུར་བྱས། 

པེད་ཏིན་གྱིས་བསྟན་དོན། ཨ་མེ་རི་ཁས་མུ་མཐུད་དུ་ཨ་ཧྥུའུ་ཧན་མི་དམངས་ལ་འཕེལ་རྒྱས་དང་། མི་ཆོས་རིང་ལུགས། བདེ་འཇགས་བཅས་ཐད་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།