བྱང་ཆིངས་རྩ་འཛུགས་ཀྱིས་ཟླ་འགའི་ནང་ཨ་ཧྥུའུ་ཧན་ནས་དམག་དཔུང་ཡོད་ཚད་ཕྱིར་འཐེན་བྱེད་རྒྱུ་ཐག་བཅད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་དང་རྒྱལ་སྲུང་བློན་ཆེན་གྱིས་ཚེས་བཅུ་བཞི་ཉིན་སྐུད་ཐོག་གྲོས་ཚོགས་སྤེལ་ཏེ། ཟླ་ལྔ་བའི་ཚེས་གཅིག་ཉིན་ནས་བཟུང་ཟླ་ངོ་འགའི་ནང་ཨ་ཧྥུའུ་ཧན་ནས་དམག་མི་ཁྲི་གཅིག་ཙམ་པོ་ཚང་མ་ཕྱིར་འཐེན་བྱེད་རྒྱུ་ཐག་བཅད། 

བྱང་ཆིངས་རྩ་འཛུགས་ཀྱིས་གྲོས་ཚོགས་གྲོལ་རྗེས་སྤེལ་བའི་གསལ་སྒྲོག་ནང་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱིས་ཟླ་ལྔ་བའི་ཚེས་གཅིག་ཉིན་ནས་བཟུང་གོ་རིམ་ལྡན་པའི་སྒོ་ནས་དམག་དཔུང་ཕྱིར་འཐེན་བྱེད་རྒྱུ་ཡིན་པ་དང་། ཟླ་ངོ་འགའི་ནང་ཨ་ཧྥུའུ་ཧན་དུ་སྡོད་པའི་ཨ་མེ་རི་ཁ་དམག་མི་དང་མནའ་མཐུན་རྒྱལ་ཁབ་གཞན་པའི་དམག་མི་ཚང་མ་ཕྱིར་འཐེན་བྱེད་རྒྱུ་ཡིན་ལ། དམག་དཔུང་ཕྱིར་འཐེན་བྱེད་སྐབས་ཐཱ་ལེ་པན་གྱིས་མནའ་མཐུན་དམག་དཔུང་ལ་དམིགས་པའི་དཔུང་འཇུག་གང་རུང་ལ་རྒོལ་ལན་དྲག་པོ་སྤྲོད་རྒྱུ་ཡིན་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱི་མནའ་མཐུན་རྒྱལ་ཁབ་དང་མཉམ་ལས་གྲོགས་པོས་མུ་མཐུད་དུ་ཨ་ཧྥུའུ་ཧན་དང་མཉམ་དུ་བདེ་འཇགས་ལ་སྐུལ་འདེད་གཏོང་བ་དང་འདས་པའི་ལོ་ཉི་ཤུའི་ནང་བླངས་པའི་གྲུབ་འབྲས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན། དམག་དཔུང་ཕྱིར་འཐེན་བྱས་པ་ནི་བྱང་ཆིངས་རྩ་འཛུགས་ཀྱིས་ཨ་ཧྥུའུ་ཧན་བར་གྱི་འབྲེལ་བ་མཇུག་སྒྲིལ་བའི་མཚོན་རྟགས་མ་ཡིན་པར་ལེའུ་གསར་བ་ཞིག་གི་མགོ་བརྩམས་པ་ཡིན་ཟེར། 

པུའུ་ལུའུ་སེར་དུ་འཚམས་འདྲི་བྱེད་བཞིན་པའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་དང་རྒྱལ་སྲུང་བློན་ཆེན་ཨོ་སི་ཏེན་གཉིས་སྐུད་ཐོག་གྲོས་ཚོགས་ལ་ཞུགས་པར་མ་ཟད། གྲོས་ཚོགས་གྲོལ་རྗེས་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐེ་པེ་ཀི་དང་མཉམ་དུ་གསར་འགོད་པའི་སྣེ་ལེན་ཚོགས་འདུར་ཞུགས། 

ཨོ་སི་ཏེན་གྱིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། དམག་དཔུང་ཕྱིར་འཐེན་བྱེད་པའི་རྒྱུ་རྐྱེན་ནི་ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་གི་ནུས་པ་མཐོར་འདེགས་བྱེད་ཆེད་ཡིན། ཨ་མེ་རི་ཁས་དམག་དཔུང་ཕྱིར་འཐེན་བྱས་རྗེས་སྔར་བཞིན་ནོར་སྲིད་ཐད་ནས་ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་ལ་རྒྱབ་སྐྱོར་བྱེད་རྒྱུ་དང་། ཨ་ཧྥུའུ་ཧན་གྱི་ཞི་བདེའི་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། 

བྱང་ཆིངས་རྩ་འཛུགས་ཀྱི་གསལ་སྒྲོག་ལས་ཨ་ཧྥུའུ་ཧན་ནས་དམག་དཔུང་ཕྱིར་འཐེན་བྱེད་པའི་བྱེ་བྲག་གི་དུས་ཚོད་གསལ་བོར་བསྒྲགས་མེད། ཉིན་དེར་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཕོ་བྲང་དཀར་པོ་ནས་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁའི་དམག་དཔུང་དག་ཟླ་ལྔ་བའི་ཚེས་གཅིག་ཉིན་ནས་བཟུང་གོ་རིམ་ལྡན་པར་ཨ་ཧྥུའུ་ཧན་ནས་ཕྱིར་འཐེན་བྱེད་རྒྱུ་ཡིན་པ་དང་། ཨ་མེ་རི་ཁའི་དམག་དཔུང་དང་བྱང་ཆིངས་རྩ་འཛུགས་ཀྱི་མནའ་མཐུན་གྲོགས་པོའི་དམག་དཔུང་དག་ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན་གྱི་སྔོན་ལ་ཕྱིར་འཐེན་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།