ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་གྱིས་འཇར་མན་གྱི་བཅའ་སྡོད་དམག་དཔུང་ཁ་སྣོན་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཨོ་སི་ཏེན་གྱིས་ཚེས་བཅུ་གསུམ་ཉིན་པའོ་ལིན་ནས་ཁྱབ་སྒྲོག་བྱས་དོན། ཨ་མེ་རི་ཁས་ད་ལོའི་སྟོན་ཁར་འཇར་མན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་མི་ལྔ་བརྒྱ་ཁ་སྣོན་བྱས་ཏེ། ཡོ་རོབ་གླིང་གི་ཟིལ་ཤུགས་དང་འགོག་སྲུང་སྟོབས་ཤུགས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར། 

འཇར་མན་གྱི་རྒྱལ་སྲུང་བློན་ཆེན་ཁི་ལན་ཕུའུ་ཁཱ་ལོན་པའོ་ཨར་གྱིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཨོ་སི་ཏེན་དང་གྲོས་མོལ་བྱས། གཙོ་བོ་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་བའི་མཉམ་ལས་དང་། བྱང་ཆིངས་རྩ་འཛུགས་ཀྱི་ཐུན་མོང་བདེ་འཇགས་ལ་ཤུགས་སྣོན་པའི་ནུས་པ་སླར་གསོ་བྱེད་པ་སོགས་ལ་གྲོས་བསྡུར་བྱས། ཨོ་སི་ཏེན་གྱིས་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། འཇར་མན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་མི་ཁ་སྣོན་བྱེད་པའི་དམིགས་ཡུལ་ནི་དྲ་རྒྱའི་འགོག་སྲུང་དང་གློག་རྡུལ་འཐབ་འཁྲུག་ནུས་པར་ཤུགས་སྣོན་བྱེད་པའི་ཆེད་ཡིན། བྱ་སྤྱོད་དེ་ལས་དུས་ཡུན་ཐུང་ངུའི་ནང་དམག་དཔུང་བཀོད་སྒྲིག་བྱས་ཏེ་ཡོ་རོབ་གླིང་གི་མནའ་འབྲེལ་རྒྱལ་ཁབ་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་ལྡབ་འགྱུར་གྱིས་ཇེ་མཐོར་གཏོང་དགོས་ཟེར། ཨོ་སི་ཏེན་གྱིས་ད་རུང་འཇར་མན་གྱིས་རིམ་བཞིན་རྒྱལ་སྲུང་སྔོན་རྩིས་ཁ་སྣོན་དང་། ཨ་ཧྥུའུ་ཧན་སོགས་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ལ་ཞུགས་པར་དགའ་བསུ་ཞུས། 

ཁི་ལན་ཕུའུ་ཁཱ་ལོན་པའོ་ཨར་གྱིས་བསྟན་དོན། ཨ་མེ་རི་ཁས་འཇར་མན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་མི་ཇེ་མང་དུ་བཏང་བ་ནི་མཐུན་སྒྲིལ་གྱི་བརྡ་རྟགས་གལ་ཆེན་ཞིག་རེད་ཟེར། ཁོ་མོས་བཤད་རྒྱུར། འཇར་མན་གྱིས་རྒྱལ་སྲུང་འགྲོ་སོང་ཇེ་མཐོར་བཏང་སྟེ་རྒྱལ་ཁབ་རང་གི་རྒྱལ་ནང་གི་སྤྱིའི་ཐོན་རིན་བརྒྱ་ཆའི་གཉིས་ཇེ་མཐོར་བཏང་ནས་བྱང་ཆིངས་རྩ་འཛུགས་ཀྱི་རེ་བར་བསླེབ་པར་བྱེད་རྒྱུ་ཁས་ལེན་བྱས་ཡོད། འཇར་མན་མུ་མཐུད་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་འཇིགས་སྐུལ་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་ལ་ཞུགས་རྒྱུ་དང་། རྒྱ་གར་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ལས་དོན་ཐད་ནས་ཨ་མེ་རི་ཁའི་བར་མཐུན་སྦྱོར་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།