ཨུ་རུ་སི་ཡིས་ནུབ་ཕྱོགས་མཐའ་མཚམས་ས་ཁུལ་དུ་དམག་དཔུང་བཀོད་སྒྲིག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་ཡིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། ཉེ་སྔོན་ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཨུ་རུ་སིའི་ནུབ་ཕྱོགས་མཐའ་མཚམས་ས་ཁུལ་དུ་སྐམ་དམག་འབུམ་སྡེ་གཉིས་དང་མཁའ་དམག་རུ་ཁག་གསུམ་བཀོད་སྒྲིག་བྱས་ཡོད་ཟེར། 

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་དྲ་ཚིགས་ཀྱིས་ཚེས་བཅུ་གསུམ་ཉིན་སྤེལ་བའི་སྤྱི་སྒྲོག་ལྟར་ན། ཧྲའོ་དབྱེ་ཀུའུ་ཡིས་ཉིན་དེར་ཨུ་རུ་སིའི་བྱང་ཕྱོགས་ཀྱི་མའོ་ཨར་སི་ཁི་བྱང་མ་ནས་སྤེལ་བའི་དམག་དོན་གྲོས་ཚོགས་སྟེང་བཤད་རྒྱུར། མིག་སྔར་དམག་དཔུང་དེ་དག་གིས་རོགས་ལས་སྦྱོང་བརྡར་བྱེད་བཞིན་ཡོད་པ་དང་། འབྲེལ་ཡོད་དམག་གྲབས་ཞིབ་བཤེར་བྱ་འགུལ་གཟའ་འཁོར་གཉིས་ནང་ཡོངས་འགྲུབ་བྱེད་རྒྱུ་ཡིན་ལ། དམག་དཔུང་དེ་དག་གིས་ཨུ་རུ་སི་ཡིས་རྒྱལ་ཁབ་རང་གི་དམག་དོན་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་ལྡན་པར་མ་ཟད་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར། 

ཧྲའོ་དབྱེ་ཀུའུ་ཡིས་བསྟན་དོན། ཨ་མེ་རི་ཁ་དང་བྱང་ཆིངས་རྩ་འཛུགས་ཀྱིས་ཡོ་རོབ་གླིང་གི་ཨུ་རུ་སི་དང་འདབས་འབྲེལ་དུ་ཡོད་པའི་ས་ཁུལ་སྐོར་ཞིག་ལ་དམག་དཔུང་མངག་གཏོང་བྱས་ཡོད། དམག་ཤུགས་གཙོ་བོ་དེ་མཚོ་ནག་དང་པའོ་ལོ་ཏིས་མཚོ་ཁོངས་ས་ཁུལ་དུ་འདུས་ཡོད། ཨུ་རུ་སི་ཡིས་རྒྱུས་ལོན་བྱུང་བའི་གསང་འཕྲིན་ལྟར་ན། བྱང་ཆིངས་རྩ་འཛུགས་ཕྱོགས་ཀྱིས་ཨུ་རུ་སིའི་མཐའ་མཚམས་ས་ཁུལ་དུ་དམག་མི་ཁྲི་བཞི་ཙམ་བཀོད་སྒྲིག་བྱེད་རྒྱུ་ཡིན་ཟེར། 

ཧྲའོ་དབྱེ་ཀུའུ་ཡིས་བཤད་རྒྱུར། ད་ལོའི་ལོ་སྟོད་ཀྱི་ཚུན་ལ། ཨ་མེ་རི་ཁས་ཡོ་རོབ་གླིང་གི་ཨུ་རུ་སི་དང་འདབས་འབྲེལ་དུ་ཡོད་པའི་ས་ཁུལ་སྐོར་ཞིག་གི་བར་སྣང་དང་མཚོ་ཐོག་གི་མྱུལ་ཞིབ་བྱ་འགུལ་ཇེ་མང་དུ་བཏང་ཡོད། དེ་ལས་གཞན་བྱང་ཆིངས་རྩ་འཛུགས་ཀྱིས་ལོ་རེར་སྤེལ་བཞིན་པའི་ཨུ་རུ་སི་ལ་ངོ་རྒོལ་བྱེད་པའི་སྣང་ཚུལ་མངོན་གསལ་ལྡན་པའི་དམག་དོན་སྦྱོང་བརྡར་བྱ་འགུལ་ཐེངས་བཞི་བཅུ་ཙམ་སྤེལ་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།