དབྱི་ལིང་དང་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཨ་མེ་རི་ཁས་དབྱི་ལིང་གི་བཀག་སྡོམ་མེད་པར་གཏོང་དགོས་པའི་འབོད་སྐུལ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་དང་འཚམས་འདྲིར་ཡོང་བའི་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་གཉིས་ཀྱིས་ཚེས་བཅུ་གསུམ་ཉིན་མཉམ་དུ་ཨ་མེ་རི་ཁས་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་མེད་པར་བཏང་སྟེ། ཨ་མེ་རི་ཁ་དང་དབྱི་ལིང་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ཡང་བསྐྱར་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཀྲ་ལི་ཧྥུའུ་ཡིས་ཉིན་དེར་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཨ་མེ་རི་ཁས་འཇིགས་སྐུལ་དང་བཀག་སྡོམ། ཉིང་རྡུལ་ནུས་པའི་འཇིགས་སྐུལ་རིང་ལུགས་བཅས་ལ་བརྟེན་ནས་དབྱི་ལིང་བར་འབྲེལ་འདྲིས་བྱེད་མི་རུང་། བཀག་སྡོམ་དང་གཏོར་བརླག་བྱ་སྤྱོད་ཀྱིས་ཨ་མེ་རི་ཁར་གྲོས་མོལ་གྱི་གོ་སྐབས་བསྐྲུན་མི་སྲིད་ལ། གནས་བབ་སྔར་ལས་རྙོག་འཛིང་དུ་གཏོང་སྲིད་ཟེར། ཀྲ་ལི་ཧྥུའུ་ཡིས་བསྐྱར་སྒྲོག་བྱས་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་སྔོན་ལ་དབྱི་ལིང་གི་བཀག་སྡོམ་ཚང་མ་མེད་པར་གཏོང་དགོས་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། ཨ་མེ་རི་ཁས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལག་བསྟར་བྱེད་དགོས་པ་དང་། ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་ཚང་མ་མེད་པར་བཏང་ནས། སྔར་ལས་ལྷག་པར་མཉམ་ལས་སྣང་ཚུལ་བཟང་བོ་བསྐྲུན་དགོས། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་དབྱི་ལིང་རྒྱལ་ཁབ་གཉིས་ཀྱིས་ཉིང་རྡུལ་ནུས་པའི་གྲོས་མཐུན་སླར་གསོ་བྱེད་པའི་ཐད་རོགས་རམ་བྱེད་བཞིན་ཡོད་ཟེར། 

ཀྲ་ལི་ཧྥུའུ་ཡིས་ད་རུང་བཤད་རྒྱུར། དབྱི་ལིང་གིས་ནཱ་ཐན་ཙི་ཉིང་རྡུལ་སྒྲིག་ཆས་འཁོར་སྐྱོད་ཐད་ནས་སྔར་ལས་སྔོན་ཐོན་གྱི་འཕྲུལ་ཆས་བཀོལ་ཏེ་ཉིང་རྡུལ་རྫས་ཀྱི་ཐོན་སྐྱེད་བྱ་འགུལ་སྤེལ་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།