ཨ་ཧྥུའུ་ཧན་སྲིད་གཞུང་དམག་དཔུང་གིས་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་གོ་གཅིག་བསད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་ཧྥུའུ་ཧན་སྲིད་གཞུང་དམག་དཔུང་གིས་འདས་པའི་དུས་ཚོད་ཉེར་བཞིའི་ནང་བསྡོམས་པས་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་གོ་གཅིག་བསད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། འདས་པའི་དུས་ཚོད་ཉེར་བཞིའི་ནང་། སྲིད་གཞུང་དམག་དཔུང་གིས་ཅཱ་ཙི་ནེ་ཞིང་ཆེན་དང་ལུའུ་ཀི་ཨར་ཞིང་ཆེན། ཝུའུ་ལུའུ་ཙི་ཀན་ཞིང་ཆེན་སོགས་སུ་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་སྤེལ་ནས། ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་གོ་གཅིག་བསད་པ་དང་། མི་ཞེ་གསུམ་ལ་རྨས་ཕོག་ཡོད་ཟེར། 

ཐཱ་ལེ་པན་གྱི་དྲག་ཆས་པས་མིག་སྔར་རྒྱལ་སྲུང་པུའུ་ཡི་གསལ་སྒྲོག་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད་པ་དང་། ཨ་ཧྥུའུ་ཧན་སྲིད་གཞུང་གི་དམིགས་འབེན་ལ་དཔུང་འཇུག་བྱེད་མཚམས་ཀྱང་བཞག་མེད། 

པཱ་ཀི་ལན་ཞིང་ཆེན་གྱི་དཔོན་པོ་ཞིག་གིས་ཚེས་བཅུ་གསུམ་ཉིན་བསྟན་དོན། ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་སྐོར་ཞིག་གིས་ཉིན་དེར་ཞིང་ཆེན་དེའི་ཞིབ་བཤེར་ས་ཚིགས་ཤིག་ལ་འཇབ་རྒོལ་བྱས་ཏེ། བདེ་འཇགས་མི་སྣ་དྲུག་བསད་ཟེར། པཱ་ཏཱ་ཧི་ཧྲང་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་ནཱ་ཀྲ་ལི་ཡིས་བཤད་རྒྱུར། ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་གྱིས་ཉིན་དེར་ཞིང་ཆེན་དེར་ཞིང་ཆེན་གཞན་ནས་ཁྱིམ་མིར་སྐོར་བརྒྱག་ཏུ་ཡོང་བའི་དམག་མི་གསུམ་བསད་ཟེར། 

ཚེས་བཅུ་གསུམ་ཉིན་ནི་ཨ་ཧྥུའུ་ཧན་མུའུ་སི་ལིན་གྱི་སྨྱུང་གནས་ཟླ་བའི་ཉིན་དང་པོ་ཡིན་ཞིང་། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་ཡིས་ཉིན་དེར་ཐཱ་ལེ་པན་གྱི་དྲག་ཆས་པས་སྨྱུང་གནས་ཟླ་བའི་ནང་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་ཡང་། ཐཱ་ལེ་པན་གྱི་དྲག་ཆས་པས་ཁས་ལེན་མ་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།