ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་ཐུར་ཁེ་དང་ཐན་ཙན་ནི་ཡཱའི་གནམ་གྲུའི་གཏོང་ཐེངས་ལ་ཚོད་འཛིན་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ལི་གཞོན་པ་ཀི་ལེ་ཁི་ཝ་ཡིས་ཚེས་བཅུ་གཉིས་ཉིན་ཁྱབ་སྒྲོག་བྱས་དོན། ཐུར་ཁེ་དང་ཐན་ཙན་ནི་ཡཱའི་པྲོག་གསར་གློ་ཚད་རིམས་ནད་སྔར་ལས་རྒྱ་ཡན་དུ་སོང་བར་དམིགས་ཏེ། ཨུ་རུ་སི་ཡིས་ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན་ནས་བཟུང་རྒྱལ་ཁབ་དེ་གཉིས་བར་གྱི་གནམ་གྲུའི་གཏོང་ཐེངས་ལ་ཚོད་འཛིན་བྱེད་རྒྱུ་ཡིན་ཟེར། 

ཀི་ལེ་ཁི་ཝ་ཡིས་ཉིན་དེར་མའོ་སི་ཁི་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཚོད་འཛིན་བྱེད་ཐབས་དེ་ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན་ནས་ཟླ་དྲུག་པའི་ཚེས་གཅིག་ཉིན་བར་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། གླ་གཏོང་གནམ་གྲུ་དང་དུས་བཅད་གནམ་གྲུའི་གཏོང་ཐེངས་སོགས་ལ་འབྲེལ་ཡོད། སྲིད་གཞུང་གིས་ད་རུང་གནས་སྐོར་ལས་དོན་ཁང་སོ་སོས་དུས་སྐབས་དེའི་ཐུར་ཁེའི་གནས་སྐོར་རྣམ་གྲངས་ཕྱིར་འཚོང་བྱེད་མཚམས་འཇོག་དགོས་པའི་གྲོས་གཞི་བཏོན། 

ཁོ་མོས་བསྟན་དོན། ཨུ་རུ་སིའི་སྤྱི་དམངས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱེད་པ་དང་རིམས་ནད་གཏན་འཇགས་ཡོང་བར་སྲུང་འཛིན་བྱེད་པ་ནི་ཨུ་རུ་སིའི་སྲིད་གཞུང་གི་ཐོག་མའི་ལས་འགན་ཡིན། རྒྱལ་ཁབ་དེ་དག་གི་རིམས་ནད་གནས་བབ་ཇེ་ལེགས་སུ་སོང་ན། གནམ་གྲུའི་གཏོང་ཐེངས་སླར་གསོ་བྱས་ཆོག་ཟེར། 

ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་དང་སྤྱི་ཕན་ལྟ་རྟོག་ཅུའུ་ཡི་ཅུའུ་ཀྲང་པའོ་པའོ་ཝ་ཡིས་ཀྱང་ཉིན་དེར་བསྟན་དོན། འཛམ་གླིང་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ་སྔར་བཞིན་གཏན་འཇགས་མིན་པ་དང་། ཐུར་ཁེའི་རིམས་ནད་སྔར་ལས་རྒྱ་ཡན་དུ་སོང་བར་ཀུན་གྱིས་སེམས་ཁུར་བྱེད་བཞིན་ཡོད་ལ། ཨུ་རུ་སི་ནས་ཉེ་སྔོན་གསར་དུ་བྱུང་བའི་ནད་པ་དག་ཐུར་ཁེ་ནས་ཡོང་བ་རེད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།