འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་ཁབ་སོ་སོས་འགོག་སྨན་རྒྱག་པའི་དུས་མཚུངས་སུ་སྤྱི་པའི་འཕྲོད་བསྟེན་བྱེད་ཐབས་ལ་ལྷོད་གཡེང་གཏོང་མི་རུང་བར་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས12ཉིན་བསྟན་དོན། གོ་ལ་ཧྲིལ་བོར་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་དུང་ཕྱུར7.8ཡན་བརྒྱབ་ཡོད་པ་དང་། འོན་ཀྱང་གཟའ་འཁོར་རེར་པྲོག་གསར་ནད་པ་དང་ཤི་བའི་ནད་པ་མུ་མཐུད་དུ་ཇེ་མང་དུ་འགྲོ་བཞིན་ཡོད་པས། རྒྱལ་ཁབ་སོ་སོས་འགོག་སྨན་རྒྱག་པའི་དུས་མཚུངས་སུ་སྤྱི་པའི་འཕྲོད་བསྟེན་བྱེད་ཐབས་ལ་ལྷོད་གཡེང་གཏོང་མི་རུང་ཞེས་བསྟན།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱིའི་ལས་འཛིན་པ་ཐཱན་ཏི་སའེ་ཡིས་ཉིན་དེའི་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། ད་ལོའི་ཟླ1པོ་དང་ཟླ2པར་གོ་ལ་ཧྲིལ་བོར་གསར་སྣོན་བྱུང་བའི་པྲོག་གསར་ནད་པ་བསྟུད་མར་གཟའ་འཁོར6ལ་མར་ཆག་པ་དང་། ཉེ་ལམ་གཟའ་འཁོར7རིང་བསྟུད་མར་ཇེ་མང་ལ་སོང་ཞིང་། ཤི་བའི་ནད་པའང་བསྟུད་མར་གཟའ་འཁོར4རིང་ཇེ་མང་དུ་སོང་ཡོད། གོ་ལ་ཧྲིལ་བོར་བསྡོམས་པས་པྲོག་གསར་གློ་ཚད་ཀྱི་འགོག་སྨན་དུང་ཕྱུར7.8བརྒྱབ་པ་དང་། འོན་ཀྱང་ཨེ་ཤ་ཡ་གླིང་དང་དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་སྐོར་ཞིག་ཏུ་ནད་པ་སྔར་བཞིན་ཚད་མཐོན་པོས་ཇེ་མང་དུ་འགྲོ་བཞིན་ཡོད་ཟེར།

ཐཱན་ཏི་སའེ་ཡིས་བསྟན་དོན། པྲོག་གསར་གློ་ཚད་ཀྱི་འགོག་སྨན་ནི་རིམས་འགོག་ཚོད་འཛིན་གྱི་ཐབས་ལམ་གཙོ་བོ་དང་ནུས་ལྡན་ཡིན་ཡང་བྱེད་ཐབས་ཉག་གཅིག་མིན་པས། རྒྱལ་ཁབ་མང་པོས་ཕན་ནུས་ཆེ་བའི་སྤྱི་པའི་འཕྲོད་བསྟེན་བྱེད་ཐབས་དང་མགྱོགས་ཤིང་མུ་མཐུད་པའི་འགོག་བཅོས་མ་ལག་གིས་པྲོག་གསར་གློ་ཚད་རིམས་ནད་ལ་ཚོད་འཛིན་བྱེད་ཐུབ་པ་ར་སྤྲོད་བྱས་ཡོད། 

ཐཱན་ཏི་སའེ་ཡིས་བཤད་རྒྱུར། ཐུན་མོང་གི་འབད་བརྩོན་བརྒྱུད། དྲང་སྙོམས་ངང་འགོག་སྨན་རྒྱག་པའི་དུས་མཚུངས་སུ་སྤྱི་པའི་འཕྲོད་བསྟེན་བྱེད་ཐབས་ལག་བསྟར་བྱས་ཚེ། “ང་ཚོས་ཟླ་འགའི་ནང་རིམས་ནད་འདི་ཚོད་འཛིན་བྱེད་ཐུབ།” ཟླ་འགའི་རིང་རིམས་ནད་ཚོད་འཛིན་བྱེད་ཐུབ་མིན་དེ། “སྲིད་གཞུང་དང་མི་སོ་སོའི་ཐག་གཅོད་དང་བྱ་སྤྱོད་ལ་རག་ལས་ཡོད”ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།