ཡེ་མིན་སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་པས་འཁྲུག་རྩོད་བྱས་ཏེ་མི་ཞེ་བདུན་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་མཉམ་འབྲེལ་སྲིད་གཞུང་གི་དཔོན་པོ་ཞིག་གིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་པས་དབུས་ཕྱོགས་ཀྱི་མཱ་ལི་པུའུ་ཞིང་ཆེན་གྱི་ཛ་དྲག་ཆེ་བའི་འཐབ་འཁྲུག་མུ་མཐུད་དུ་སྤེལ་བཞིན་ཡོད་པ་དང་། འདས་པའི་དུས་ཚོད་ཉེར་བཞིའི་རིང་ལ། ཉུང་མཐར་ཡང་སྲིད་གཞུང་གི་དམག་མི་ཉི་ཤུ་དང་ཧུའུ་སེ་དྲག་ཆས་པའི་མི་ཉེར་བདུན་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

མིང་བཤད་མི་འདོད་པའི་དཔོན་པོ་དེས་བཤད་རྒྱུར། ཧུའུ་སེ་དྲག་ཆས་པས་མིག་སྔར་མཱ་ལི་པུའུ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་མཱ་ལི་པུའུ་ལ་དཔུང་འཇུག་དྲག་པོ་བྱེད་བཞིན་ཡོད་པ་དང་། སྲིད་གཞུང་དམག་དཔུང་གིས་གནད་འགག་གི་ས་གནས་རེ་འགར་འགོག་རྒོལ་ཆམ་ཕབ་གཏོང་བཞིན་ཡོད་ཟེར། ཁོས་བདེན་དཔང་བྱས་དོན། སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཧུའུ་སེ་དྲག་ཆས་པའི་འཐབ་ར་དང་དམག་དོན་རླངས་འཁོར་ལ་བར་སྣང་འཇབ་རྒོལ་བྱས་ཀྱང་། ཧུའུ་སེ་དྲག་ཆས་པས་སྔར་བཞིན་དཔུང་འཇུག་བྱེད་བཞིན་ཡོད་ཟེར། 

མཱ་ལི་པུའུ་ཞིང་ཆེན་ནི་ཡེ་མིན་གྱི་རྡོ་སྣུམ་ཐོན་སྐྱེད་བྱེད་ས་གཙོ་བོ་ཡིན་པ་དང་། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་བཀོད་འདོམ་ཁང་གི་སྡོད་གནས་ཀྱང་ཡིན། ད་ལོའི་ཟླ་དང་པོའི་ཚུན་ལ། ཧུའུ་སེ་དྲག་ཆས་པ་དང་ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཞིང་ཆེན་དེ་ནས་འཁྲུག་རྩོད་དྲག་པོ་ཐེངས་མང་བྱས་པ་དང་། འཁྲུག་རྩོད་ལས་མི་བརྒྱ་ཕྲག་ལྷག་རྐྱེན་ལམ་དུ་ཤོར་ཡོད་ལ། ཁྱིམ་ཚང་སྟོང་ཕྲག་མང་བོར་འགྲོ་སའི་ཁྱིམ་མེད་པར་གྱུར་ཡོད། 

ད་ལོའི་ཟླ་གསུམ་པར། ཧུའུ་སེ་དྲག་ཆས་པས་མཱ་ལི་པུའུ་གྲོང་ཁྱེར་ལ་དཔུང་འཇུག་བྱེད་པའི་དམག་དོན་འགུལ་སྐྱོད་ཁྲོད་འཐབ་ཇུས་མཐོ་ས་ཞིག་བཙན་བཟུང་སྟེ། སྲིད་གཞུང་དམག་དཔུང་གི་མཱ་ལི་པུའུ་གྲོང་ཁྱེར་གྱི་འགོག་སྲུང་ལ་འཇིགས་ཉེན་བཟོས་པ་རེད། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།