ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཉིང་རྡུལ་ནུས་པའི་རྩ་འཛུགས་ཀྱི་ཀྲུའུ་ཞི་ཡིས་ནཱ་ཐན་ཙི་ཉིང་རྡུལ་སྒྲིག་ཆས་ལ་དམིགས་པའི་དགྲར་འཛིན་འགུལ་སྐྱོད་ལ་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་ཉིང་རྡུལ་ནུས་པའི་རྩ་འཛུགས་ཀྱི་ཀྲུའུ་ཞི་སཱ་ལེ་ཞི་ཡིས་ཚེས་བཅུ་གཅིག་ཉིན་དབྱི་ལིང་གི་ནཱ་ཐན་ཙི་ཉིང་རྡུལ་སྒྲིག་ཆས་ལ་དམིགས་པའི་དགྲར་འཛིན་འགུལ་སྐྱོད་ལ་རྒོལ་གཏམ་བཏང་བ་དང་། དེ་ནི་ཉིང་རྡུལ་ནུས་པའི་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་ཅིག་ཡིན་པར་འདོད། 

དབྱི་ལིང་གི་ཉིང་རྡུལ་ནུས་པའི་རྩ་འཛུགས་ཀྱི་མགྲིན་ཚབ་པ་ཁཱ་མེད་ལེ་ཝ་ཏིས་ཀྱིས་ཉིན་དེའི་སྔ་དྲོར་བཤད་རྒྱུར། ནཱ་ཐན་ཙི་ཉིང་རྡུལ་སྒྲིག་ཆས་ཀྱི་གློག་འདོན་མ་ལག་ལ་ཚེས་བཅུ་གཅིག་ཉིན་ཆག་སྐྱོན་བྱུང་ཡང་། མི་སྣར་རྨས་སྐྱོན་དང་འགྱེད་འཕྲོའི་སྦགས་བཙོག་གནད་དོན་བྱུང་མེད་ཟེར། 

སཱ་ལེ་ཞི་ཡིས་བཤད་རྒྱུར། ནཱ་ཐན་ཙི་ཉིང་རྡུལ་སྒྲིག་ཆས་ལ་དམིགས་པའི་རེ་ཆད་ཀྱི་འགུལ་སྐྱོད་དེ་ལས་དབྱི་ལིང་གི་བཟོ་ལས་དང་ཆབ་སྲིད་གོང་འཕེལ་མངོན་འགྱུར་བྱེད་པར་བཀག་རྒྱ་བཟོ་རྩིས་ཡོད་པའི་སྟོབས་ཤུགས་ཀྱིས་དབྱི་ལིང་གིས་ཉིང་རྡུལ་ནུས་པའི་བཟོ་ལས་ཐད་གྲུབ་འབྲས་ཆེན་པོ་བླངས་པར་བཀག་རྒྱ་བཟོ་ཐུབ་མེད་པ་དང་། ཨ་མེ་རི་ཁའི་དབྱི་ལིང་གི་གཉའ་གནོན་རང་བཞིན་གྱི་བཀག་སྡོམ་བྱེད་ཐབས་མེད་པར་གཏོང་བའི་ཐད་སྤེལ་བའི་གྲོས་མོལ་ལའང་གཏོར་བརླག་གཏོང་ཐུབ་མེད་པ་མཚོན་ཡོད་ཟེར། 

སཱ་ལེ་ཞི་ཡིས་བསྟན་དོན། དབྱི་ལིང་གིས་དོན་རྐྱེན་བཟོ་མཁན་དང་དེའི་ལྟག་རྒྱབ་ཀྱི་ངན་སྐུལ་མཁན་ལ་འགུལ་སྐྱོད་སྤེལ་བའི་ཁེ་དབང་སོར་འཇོག་བྱེད་རྒྱུ་མ་ཟད། མུ་མཐུད་དུ་ཉིང་རྡུལ་ནུས་པའི་བཟོ་ལས་འཕེལ་རྒྱས་སུ་གཏོང་རྒྱུ་དང་། དབྱི་ལིང་གི་བཀག་སྡོམ་མེད་པར་གཏོང་བར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར། ཁོས་ད་རུང་རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་ལས་ཁུངས་ཀྱིས་ཉིང་རྡུལ་ནུས་པའི་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་དེར་རྒོལ་ལན་སྤྲོད་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།