ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་ལྔ་བའི་ཕྱོགས་གསུམ་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཞིབ་བསྡུར་ཚོགས་འདུ་ནས་ན་གཞོན་གྱི་ནུས་པ་གནད་སར་བཟུང་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་ཚོགས་པ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཡིག་ཁྲུའུ། མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཁང་བཅས་ཀྱིས་ཚེས་བརྒྱད་ཉིན་སྐུད་ཐོག་ནས་སྐབས་ལྔ་བའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཞིབ་བསྡུར་ཚོགས་འདུ་མཉམ་བསྒྲུབས་བྱས་ཤིང་། གྲོས་ཚོགས་ལ་ཞུགས་པའི་མི་སྣས་ན་གཞོན་དག་གི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་དངོས་འབེབ་བྱེད་སྐབས་ཀྱི་ནུས་པ་དང་ན་གཞོན་དག་གི་རིམས་ནད་རྗེས་ཀྱི་འཛམ་གླིང་གི་བབ་བསྟུན་ནུས་པ་མཐོར་འདེགས་བྱེད་པ་སོགས་གྲོས་གཞིར་གྲོས་བསྡུར་བྱས། 

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་པ་ཏུན་ཞེ་ཅོན་གྱིས་ཚོགས་མགོ་རྩོམ་པའི་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། མིག་སྔའི་ས་ཁུལ་མཉམ་ལས་ལ་བརྟེན་ནས་རིམས་འགོག་བྱེད་པའི་གནད་འགག་གི་དུས་སྐབས་སུ། ཕྱོགས་གསུམ་གྱིས་ཡང་བསྐྱར་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཞིབ་བསྡུར་ཚོགས་འདུ་སྤེལ་ནས་ན་གཞོན་གྱི་ནུས་པ་གནད་སར་བཟུང་བ་དེ། ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་དག་གི་འཕེལ་རྒྱས་དགོས་མཁོ་དང་འཚམ་པ་དང་། ས་ཁུལ་རང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་དངོས་འབེབ་བྱེད་པར་རྒྱང་ལྟ་དང་འཆར་འགོད་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཟེར། 

ཏུན་ཞེ་ཅོན་གྱིས་ནན་གྱིས་བསྟན་དོན། ཀྲུང་གོ་རང་སྟེང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་དངོས་འབེབ་བྱེད་པའི་ཞོར་དུ། ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་མཉམ་ལས་ཧུར་ཐག་སྒོས་སྤེལ་བ་དང་རྒྱལ་སྤྱིའི་འགན་འཁྲི་ལག་བསྟར་བྱས་ཏེ། རྒྱ་ཆེིའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་རང་ནུས་ཅི་ལྕོགས་ཀྱི་རོགས་རམ་བྱེད་པ་དང་། ཁྱད་པར་དུ་ཕྱོགས་ཡོངས་ནས་ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱུན་མཐུད་འཕེལ་རྒྱས་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་ཟེར། 

ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོར་སྲུང་མཉམ་ལས་ལྟེ་གནས་དང་ཀྲུང་གོའི་རྒྱལ་སྤྱིའི་དབུལ་སྐྱོར་ལྟེ་གནས། པེ་ཅིང་སློབ་ཆེན་སོགས་ལས་ཁུངས་ཀྱི་ཀྲུང་གོའི་ན་གཞོན་འཐུས་མི་གྲོས་ཚོགས་ལ་ཞུགས་ནས། ན་གཞོན་གྱི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་དངོས་འབེབ་བྱེད་པའི་ཁྲོད་ཀྱི་ནུས་པ་དང་། ན་གཞོན་གྱི་རིམས་ནད་རྗེས་ཀྱི་འཛམ་གླིང་གི་བབ་བསྟུན་ནུས་པ་ཇེ་མཐོར་འདེགས་བྱེད་པ། ན་གཞོན་གྱི་ལས་ཞུགས་དང་མ་འོངས་བྱ་བ་སོགས་གྲོས་རིམ་ལ་དམིགས་ཏེ། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོའི་ན་གཞོན་འཕེལ་རྒྱས་ཁྱབ་ཁོངས་ཀྱི་གཙོ་འགན་ཁུར་བའི་དཔོན་རིགས་དང་། ན་གཞོན་ཁེ་ལས་པ། ན་གཞོན་སྣེ་ཁྲིད་པ། མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཁང་གི་ཆེད་མཁས་པ་བཅས་དང་མཉམ་དུ་བརྗེ་རེས་ཟབ་མོ་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།