ཀྲུང་གོ་བོད་ཀྱི་དྲ་བ།

པེད་ཏིན་གྱིས་མེ་མདའ་ཚོད་འཛིན་བྱེད་པའི་སྲིད་འཛིན་བྱེད་ཐབས་འགའ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཚེས་བརྒྱད་ཉིན་སྲིད་འཛིན་བྱེད་ཐབས་རབ་དང་རིམ་པ་ཁྱབ་སྒྲོག་བྱས་ཏེ། མེ་མདའི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་དང་མེ་མདའི་དྲག་ཤུགས་བྱ་སྤྱོད་ཇེ་ཉུང་དུ་གཏོང་རྒྱུ་རེད། 

པེད་ཏིན་གྱིས་ཉིན་དེར་ཕོ་བྲང་དཀར་པོའི་རྒྱ་སེ་མེ་ཏོག་ལྡུམ་ར་ནས་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁའི་མེ་མདའི་དྲག་ཤུགས་བྱ་སྤྱོད་ཀྱིས་ཉིན་རེ་བཞིན་གཞན་གྱི་སྲོག་འཕྲོག་བཞིན་ཡོད་པ་དང་། སྡོད་ཁུལ་ལ་ཡུན་རིང་གི་གནོད་པ་བཟོས་ཡོད། མེ་མདའི་དྲག་ཤུགས་བྱ་སྤྱོད་ནི་ཨ་མེ་རི་ཁའི་རྒྱུན་མཐོང་གི་གནད་དོན་ཅིག་ཡིན་ལ། རྒྱལ་སྤྱིའི་སྟེང་ཨ་མེ་རི་ཁ་སྡུག་ལ་སྦྱར་ཡོད་ཟེར། 

སྲིད་འཛིན་བྱེད་ཐབས་དེ་དག་ལ་ཁྲིམས་འཛིན་པུའུ་ཡིས་ཉིན་སུམ་ཅུའི་ནང་མེ་མདའི་རྒྱ་ཡན་གནད་དོན་ཐག་གཅོད་བྱེད་པར་གཏན་འཁེལ་བཟོ་དགོས་པ་དང་། ཉིན་དྲུག་ཅུའི་ནང་མེ་མདའི་གཏན་འཇགས་སྒྲོམ་གཞིའི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་པའི་ཐད་ནས་སྒེར་ཚུགས་ཀྱི་གཏན་འཁེལ་ཁྱབ་སྒྲོག་བྱེད་དགོས། ཉིན་དྲུག་ཅུའི་ནང་མངའ་སྡེ་སོ་སོས་གཞིར་བཟུང་ནས་ལག་བསྟར་བྱས་ཆོག་པའི་དར་དམར་ལྟ་བུའི་ཉེན་ཟོན་གྱི་དཔེ་སྟོན་ཁྲིམས་སྲོལ་སྤེལ་དགོས། ཁྲིམས་འཛིན་པུའུ་ཡིས་ཨ་མེ་རི་ཁའི་མེ་མདའི་ལྐོག་འཚོང་གནས་ཚུལ་ཐད་ནས་ཉིས་སྟོང་ཉེར་གཅིག་ལོའི་སྙན་ཞུ་ཐོག་མ་སྤེལ་དགོས། རྒྱལ་ཕྲན་མཉམ་འབྲེལ་ལས་ཁུངས་ཀྱིས་བཀག་འཇུག་མིན་པའི་གཏན་འགོག་བྱེད་ཐབས་ཀྱིས་གྲོང་ཁྱེར་གྱི་མེ་མདའི་དྲག་ཤུགས་བྱ་སྤྱོད་ཇེ་ཉུང་དུ་གཏོང་བའི་སྡོད་ཁུལ་ལས་གཞིའི་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་དགོས་པ་བཅས་འདུས། 

པེད་ཏིན་གྱིས་བསྟན་དོན། ཁོས་མེ་མདའི་དོ་དམ་བྱེད་ཐབས་གཞིར་བཟུང་སྟེ་མེ་མདའི་ལྷུ་ལག་ཡིན་ཡང་མེ་མདའ་ལ་བརྩི་ཆོག་པ་དང་། ཚོང་བས་ལྷུ་ལག་ཕྱིར་འཚོང་བྱེད་སྐབས་ལས་རིམ་ཨང་རྟགས་སྒྲིག་སྦྱོར་བྱེད་དགོས་པར་མ་ཟད། ཉོ་མཁན་གྱི་རྒྱབ་ལྗོངས་ལ་རྟོག་ཞིབ་བྱེད་དགོས་ཟེར། ཁོས་བཤད་རྒྱུར། དར་དམར་བཅའ་ཁྲིམས་ཁྱབ་བསྒྲགས་བྱས་པའི་མངའ་སྡེ་རེ་འགར་མེ་མདའ་བཀོལ་ནས་རང་སྲོག་གཅོད་པའི་མི་གྲངས་ཇེ་ཉུང་དུ་འགྲོ་བཞིན་ཡོད་ཟེར། 

པེད་ཏིན་གྱིས་ཉིན་དེར་ཆི་ཕུའུ་མན་གྱིས་ཨ་མེ་རི་ཁའི་ཆང་བཅུད་དང་ཐ་མག མེ་མདའ། འགད་རྫས་བཅས་ཀྱི་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གི་འགན་ཁུར་བར་མིང་འདོན་བྱས་པ་དང་། མེ་མདའི་ཚོད་འཛིན་གྱི་གྲོས་གཞི་བཏོན་པའི་ཆི་ཕུའུ་མན་གྱིས་ཅུའུ་དེ་ནས་ལོ་ངོ་ཉེར་ལྔའི་རིང་བྱ་བ་བསྒྲུབ་མྱོང་བ་རེད། 

ཨ་མེ་རི་ཁའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཉིས་སྟོང་ཉི་ཤུ་ལོར་ཨ་མེ་རི་ཁར་མི་ཁྲི་གཉིས་ཙམ་མེ་མདའི་དྲག་ཤུགས་བྱ་སྤྱོད་ལས་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ཁྲི་གཉིས་དང་སྟོང་བཞི་ཡིས་མེ་མདའ་བཀོལ་ནས་རང་སྲོག་བཅད་པ་རེད། ད་ལོའི་ཚུན་ལ་མེ་མདའི་གནོད་པ་སྔར་ལས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ལ། ཙོ་ཀྲི་ཡཱ་དང་ཁི་ལོ་ལཱ་ཏའོ། ཅཱ་ལེ་ཧྥུའུ་ཉི་ཡཱ་སོགས་མངའ་སྡེ་རུ་ཉེ་སྔོན་བསྟུད་མར་མེ་མདས་བརྒྱབ་པའི་གྱོད་དོན་ཆེན་པོ་བྱུང་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།