ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཡོ་རོབ་གླིང་ས་ཁོངས་དོན་གཅོད་ཁང་གིས་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པར་འདྲ་མཉམ་གྱི་རྩ་དོན་ལ་དོ་སྣང་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཞི་བའི་ཚེས་བདུན་ཉིན་གྱི་འཛམ་གླིང་འཕྲོད་བསྟེན་ཉིན་མོ་ཐོན་པའི་སྐབས་སུ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཡོ་རོབ་གླིང་ས་ཁོངས་དོན་གཅོད་ཁང་གིས་སྤྱི་སྒྲོག་སྤེལ་ཏེ། པྲོག་གསར་གློ་ཚད་རིམས་ནད་ཀྱིས་མིའི་རིགས་ཡོངས་ལ་ཤུགས་རྐྱེན་ཐེབས་ཡོད་ཀྱང་། མི་ལ་ལའི་གནས་ཚུལ་ལྷག་ཏུ་ཞན་པར་མངོན། རྒྱུ་མཚན་ནི་ཁོ་ཚོས་གཉེར་བའི་བྱ་བ་དང་འཚོ་བ། བུ་སྐྱེས་བཅས་བདེ་འཇགས་མིན་པས་རེད་ཟེར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཡོ་རོབ་གླིང་ས་ཁོངས་དོན་གཅོད་ཁང་གི་ཀྲུའུ་རིན་ཁི་ལུའུ་ཀི་ཡིས་ད་ལྟ་མི་ཚང་མར་འདྲ་མཉམ་གྱི་ལྟ་སྟངས་འཛིན་དགོས་པའི་འབོད་སྐུལ་བཏང་། 

སྤྱི་སྒྲོག་ལས་བཤད་རྒྱུར། དབུལ་ཕོངས་དང་ཕོ་མོ། རིགས་རྒྱུད། སློབ་གསོ། ལས་རིགས། གནས་སྤོར་སྡོད་དམངས་ཀྱི་ཐོབ་ཐང་། དབང་བོ་སྐྱོན་ཅན། མཐོང་ཆུང་སོགས་རྒྱུ་རྐྱེན་དབང་གིས་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་སྐབས་འདྲ་མཉམ་མིན་པའི་སྣང་ཚུལ་ཚབས་ཆེན་དུ་འགྱུར་བཞིན་ཡོད་ལ། ཉེན་ཁ་གསར་བ་ཆགས་བཞིན་ཡོད། རིམས་ནད་ཀྱི་གནོད་པ་ཆེས་ཚབས་ཆེན་ཐེབས་པའི་མི་རྣམས་ནི་རྒྱལ་ཁབ་ཀྱི་སྲིད་ཇུས་དང་ལམ་ལུགས་ཀྱི་སྲུང་སྐྱོབ་ཐོབ་པ་ཆེས་ཉུང་བའི་མི་ཡིན་པ་རེད། ཅིའི་ཕྱིར་མི་ལ་ལར་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པ་ལྷག་ཏུ་ཚབས་ཆེ་བ་ཡིན་ཟེར་ན། ལས་ཞུགས་དང་སྡོད་ཁང་། སྡོད་ཁུལ། སྤྱི་ཚོགས་རྒྱབ་སྐྱོར། སྨན་བཅོས་བདེ་སྲུང་སོགས་ཐད་ཀྱི་གནས་བབ་ཁོ་ཚོར་མི་ཕན་པ་རེད་ཟེར། 

སྤྱི་སྒྲོག་ལས་བསྟན་དོན། གཅིག་ནས་དབུལ་ཕོངས་ནི་པྲོག་གསར་གློ་ཚད་རིམས་ནད་འགོ་བ་དང་སྔ་མོ་ནས་སྲོག་ཤོར་བའི་ཉེན་ཁའི་རྒྱུ་ཞིག་ཡིན་པ་དང་། གཉིས་ནས་ཕོ་མོ་འདྲ་མཉམ་མིན། གསུམ་ནས་མི་རིགས་དང་རིགས་རྒྱུད་ལས་བྱུང་བའི་ཤུགས་རྐྱེན་ཆེ་བ་ཡིན། བཞི་ནས་བཀག་འཇུག་དང་དམིགས་བསལ་བདག་སྐྱོང་བྱེད་པའི་མི་ཚོགས་སྔར་ལས་ཆེ་བའི་ཉེན་ཁར་འཕྲད་ཡོད་ཟེར། 

སྤྱི་སྒྲོག་ལས་སྲིད་གཞུང་དང་སྡོད་ཁུལ་གྱིས་མཉམ་དུ་འབད་བརྩོན་བྱས་ནས་འདྲ་མཉམ་མིན་པ་སོགས་ཀྱི་འབྱུང་རྩ་མེད་པར་གཏོང་དགོས་པ་དང་། བཟོད་སྒོམ་རང་བཞིན་དང་འདྲ་མཉམ་རང་བཞིན་དེ་སླར་གསོའི་ཐབས་ཇུས་ཡོད་ཚད་ཀྱི་སྲོག་ཤིང་དུ་བཟུང་སྟེ། སྔར་ལས་འདྲ་མཉམ་དང་བདེ་ཐང་གི་འཛམ་གླིང་ཞིག་བསྐྲུན་དགོས་པའི་འབོད་སྐུལ་བཏང་། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།