པེད་ཏིན་གྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིར་རྒྱབ་སྐྱོར་བྱས་ཏེ་ཨ་མེ་རི་ཁས་ཕཱ་ལེ་སི་ཐན་གྱི་རོགས་སྐྱོར་སླར་གསོ་བྱེད་རྒྱུའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཚེས་བདུན་ཉིན་བསྟན་དོན། ཨ་མེ་རི་ཁས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིར་བརྟེན་ནས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིན་དེར་ད་རུང་ཕཱ་ལེ་སི་ཐན་གྱི་རོགས་སྐྱོར་སླར་གསོ་བྱེད་རྒྱུ་ཁྱབ་སྒྲོག་བྱས། 

ཕོ་བྲང་དཀར་པོའི་གསལ་སྒྲོག་ཅིག་ལས་བཤད་རྒྱུར། པེད་ཏིན་གྱིས་ཉིན་དེར་ཅོར་ཏན་རྒཡལ་ཁབ་ཀྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པར་ཁ་པར་གཏོང་སྐབས་བསྟན་དོན། ཨ་མེ་རི་ཁས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིར་བརྟེན་ནས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་འགལ་བ་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར། 

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་གྱིས་ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསལ་སྒྲོག་ཅིག་ལས་ཁྱབ་སྒྲོག་བྱས་དོན། ཨ་མེ་རི་ཁས་ཕཱ་ལེ་སི་ཐན་མི་དམངས་ཀྱི་དཔལ་འབྱོར་དང་འཕེལ་རྒྱས། མི་ཆོས་རིང་ལུགས་བཅས་ཀྱི་རོགས་སྐྱོར་སླར་གསོ་བྱེད་རྒྱུ་ཡིན་ཟེར། གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁས་ལག་བསྟར་བྱས་ཆོག་པའི་བྱེད་ཐབས་ཀྱིས་དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་དར་རྒྱས་དང་བདེ་འཇགས། རང་དབང་བཅས་ལ་སྐུལ་འདེད་བཏང་སྟེ། གྲོས་མོལ་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིར་ཡར་སྐུལ་བྱེད་རྒྱུ་ཡིན་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཨ་མེ་རི་ཁའི་འཐུས་མི་ཀི་ལིན་ཧྥེ་ཨར་ཏི་ཡིས་ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན་བསྟན་དོན། ཨ་མེ་རི་ཁས་ཕཱ་ལེ་སི་ཐན་བར་གྱི་ཕྱི་ཕྱོགས་འབྲེལ་འདྲིས་ཐབས་ལམ་སླར་གསོ་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་ཇུས་གཞིར་བརྟེན་ནས་དབྱི་སི་རལ་དང་ཕཱ་ལེ་སི་ཐན་བར་གྱི་འཁྲུག་རྩོད་གནད་དོན་ཐག་གཅོད་བྱེད་པར་འབད་འབུངས་བྱེད་རྒྱུ་ཡིན་ཟེར། 

ཨ་མེ་རི་ཁའི་སྔོན་ཆད་ཀྱི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་སྲིད་འཛིན་པའི་སྐབས་སུ་ཨ་མེ་རི་ཁས་དུས་ཡུན་རིང་བོར་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིར་རྒྱབ་སྐྱོར་བྱེད་པའི་ལངས་ཕྱོགས་རྩ་རྫོགས་བྱས་པ་དང་། ཕཱ་ལེ་སི་ཐན་གྱི་རོགས་སྐྱོར་ཇེ་ཉུང་དུ་བཏང་བར་མ་ཟད། ཡེ་ལུའུ་སཱ་ལེམ་དེ་དབྱི་སི་རལ་གྱི་རྒྱལ་སར་ཁས་ལེན་བྱས་པ་དང་། ཨ་མེ་རི་ཁའི་གཞུང་ཚབ་ཁང་དེ་ཐི་ལཱ་ཝེ་ཧྥུའུ་ནས་ཡེ་ལུའུ་སཱ་ལེམ་དུ་སྤར་བ་རེད། ཁོས་སྲིད་འཛིན་པའི་སྐབས་སུ་ཨ་མེ་རི་ཁ་དང་ཕཱ་ལེ་སི་ཐན་གྱི་ཕྱི་ཕྱོགས་འབྲེལ་འདྲིས་ཕལ་ཆེར་མཚམས་ཆད་ཡོད་པ་རེད། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།