ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་ཁྲིད་པས་དཔལ་འབྱོར་དང་གནས་སྤོར་སྡོད་དམངས་སོགས་གནད་དོན་ཐད་ནས་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་དྲུག་ཉིན་རྒྱལ་ས་ཨན་ཁཱ་ལཱ་ནས་འཚམས་འདྲིར་ཡོང་བའི་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་གཉིས་དང་གྲོས་མོལ་བྱས་ཏེ། དཔལ་འབྱོར་དང་གནས་སྤོར་སྡོད་དམངས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

མུས་ཞེ་ཨར་གྱིས་གྲོས་མོལ་བྱས་རྗེས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་བྱེ་བྲག་གི་གྲོས་རིམ་ཞིག་བཏོན་ནས་ཐུར་ཁེའི་བར་གྱི་དཔལ་འབྱོར་དང་གནས་སྤོར་སྡོད་དམངས། སྤྱི་ཚོགས་འབྲེལ་འདྲིས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་གྲ་སྒྲིག་བྱས་ཡོད་ཟེར། 

ཧྥུན་ཏི་ལའེ་ཨིན་གྱིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་ནི་ཐུར་ཁེའི་ཆེས་གལ་ཆེ་བའི་ནང་འདྲེན་ཕྱིར་གཏོང་གི་གྲོགས་པོ་ཡིན་ཞིང་། ཕྱོགས་གཉིས་ཀྱིས་སྟོབས་ཤུགས་གཅིག་བསྡུས་ཀྱིས་སྒོ་ཁྲལ་མནའ་མཐུན་གྲོས་མཐུན་ཁྲོད་ཀྱི་དཀའ་ཁག་མེད་པར་བཏང་སྟེ། ཕྱོགས་གཉིས་ཀྱི་ཉོ་ཚོང་དང་རིམ་འཕར་གྲོས་མཐུན་ལ་ཤུགས་སྣོན་བྱེད་དགོས་ཟེར། ཁོ་མོས་བསྟན་དོན། ནམ་ཟླའི་འགྱུར་ལྡོག་དང་སྤྱི་བའི་འཕྲོད་བསྟེན་ཁྱབ་ཁོངས་དེ་ཡང་ཕྱོགས་གཉིས་ཀྱི་མཐོ་རིམ་གྲོས་མོལ་གྱི་གྲོས་གཞི་གཙོ་བོ་ཡིན་ལ། ཡོ་རོབ་གླིང་མནའ་འབྲེལ་གྱིས་མུ་མཐུད་དུ་ཐུར་ཁེ་ཡིས་སི་རི་ཡཱའི་ཡུལ་གྱར་བ་དང་ལེན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། 

ཐུར་ཁེའི་ཙུང་ཐུང་བཞུགས་ཤག་གི་གསར་འགྱུར་གཞུང་སྒྲུབ་ཁང་གིས་གྲོས་མོལ་བྱས་རྗེས་གསལ་སྒྲོག་སྤེལ་ཏེ། ཐུར་ཁེ་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་བྱེ་བྲག་གི་བྱེད་ཐབས་སྤྱད་དེ་གྲོས་རིམ་བཟང་བོར་རྒྱབ་སྐྱོར་བྱེད་པར་རེ་བས་ཁེངས་ཡོད། ཕྱོགས་གཉིས་ཀྱིས་ཡུལ་གྱར་བའི་གནད་དོན་ཐག་གཅོད་བྱེད་པའི་ཐད་ཐུན་མོང་གི་འགན་འཁྲི་ཁུར་དུ་བླངས་ཡོད་པས། བྲེལ་མྱུར་གྱིས་གནས་སྤོར་སྡོད་དམངས་ཀྱི་གྲོས་མཐུན་བསྟུད་མར་བཀོད་དེ། ས་ཁུལ་དེའི་སྐབས་གསར་བའི་ཡུལ་གྱར་བའི་རླབས་རྒྱུན་ལས་འབྱུང་སྲིད་པའི་གཏན་འཇགས་མིན་པ་དང་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཐག་གཅོད་བྱེད་པར་དགོས་གལ་ཆེ། ཐུར་ཁེའི་ཆེས་མཇུག་མཐའི་དམིགས་འབེན་ནི་དངོས་སུ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་རྒྱུ་དེ་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།