ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་དང་འཇར་མན་གྱིས་ཕྱི་འབྲེལ་བློན་ཆེན་དང་རྒྱལ་སྲུང་བློན་ཆེན་གྱི་བརྙན་རིས་གྲོས་མོལ་ཚོགས་འདུ་སྤེལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་པན་གསར་འགྱུར་ལས་རིགས་ཀྱིས་ཚེས་ལྔ་ཉིན་བསྒྲགས་པ་ལྟར་ན། འཇར་པན་སྲིད་གཞུང་དང་འཇར་མན་སྲིད་གཞུང་གིས་ཟླ་འདིའི་ཟླ་དཀྱིལ་དུ་ཕྱི་འབྲེལ་བློན་ཆེན་དང་རྒྱལ་སྲུང་བློན་ཆེན་གྱི་སྐུད་ཐོག་གི་གྲོས་མོལ་སྤེལ་རྒྱུ་ཡིན་པ་དང་། གཙོ་བོ་འགོག་སྲུང་མཉམ་ལས་ལ་གྲོས་བསྡུར་བྱེད་རྒྱུ་རེད། འཇར་པན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། དེ་ནི་རྒྱལ་ཁབ་གཉིས་ཀྱིས་ཐོག་དང་པོར་གྲོས་མོལ་དེ་རིགས་སྤེལ་བ་རེད། 

བསྒྲགས་པ་ལྟར་ན། གྲོས་མོལ་དེའི་བྱེ་བྲག་གི་ཉིན་རིམ་ད་རུང་གཏན་འཁེལ་བྱས་མེད་པ་དང་། ཧ་ལམ་ཟླ་བཞི་བའི་ཚེས་བཅུ་དྲུག་ཉིན་སྤེལ་རྒྱུ་ངེས། དེ་ལས་གཞན་བསྒྲགས་པའི་གནས་ཚུལ་ལས་བྱེ་བྲག་གི་ནང་དོན་གཞན་པ་བསྒྲགས་མེད། 

ཐུན་མོང་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་མའོ་མུའུ་མེན་ཁྲུང་དང་འཇར་པན་དུ་སྡོད་པའི་འཇར་མན་གྱི་གཞུང་ཚབ་ཆེན་མོ་ལའེ་ཕའེ་ཨར་གྱིས་ཟླ་གསུམ་པའི་ཚེས་ཉེར་གཉིས་ཉིན་ཏུང་ཅིན་ནས་གསང་འཕྲིན་གྲོས་ཆོད་ཅིག་བཀོད་ཡོད་ལ། དམིགས་ཡུལ་ནི་དམག་དོན་གསང་བ་མཉམ་སྤྱོད་དང་མཚོན་ཆ་དང་སྒྲིག་ཆས་ཀྱི་ཉོ་བསྡུ་སོགས་འགོག་སྲུང་མཉམ་ལས་ལ་ཤུགས་སྣོན་པའི་ཆེད་དུ་རེད། 

འཇར་མན་གྱི་རྒྱལ་སྲུང་བློན་ཆེན་ཁཱ་ལོན་པའོ་ཨར་གྱིས་བཤད་པ་ལྟར་ན། གྲོས་ཆོད་དེ་ལག་རྩལ་རྒྱལ་ཁབ་ཆེན་མོ་དེ་གཉིས་ཀྱིས་ངེས་པ་དོན་གྱི་རིན་ཐང་ལྡན་པའི་མཉམ་ལས་བྱེད་པར་གལ་འགངས་ཧ་ཅང་ཆེ་ཟེར། 

འཇར་མན་ལ་མཚོན་ན་གྲོས་ཆོད་དེ་ཨེ་ཤ་ཡཱའི་ལས་དོན་གྱི་ཟབ་ཞུགས་ཇེ་མང་དུ་གཏོང་བར་ཕན་ཐོགས་ཡོད། ན་ནིང་ཟླ་དགུ་བར། འཇར་མན་གྱིས་ཕྱི་ཕྱོགས་སྲིད་ཇུས་ལེགས་སྒྲིག་བྱས་ཏེ། ཧིན་རྡུ་རྒྱ་མཚོ་ཆེན་མོ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་ཕྱི་འབྲེལ་དང་ཉོ་ཚོང་མཛུབ་སྟོན་བྱེད་ཕྱོགས་རྩོམ་འབྲི་བྱས་ནས། བདེ་འཇགས་ཁྱབ་ཁོངས་ནས་ཨེ་ཤ་ཡཱའི་ཟབ་ཞུགས་ལ་ཤུགས་སྣོན་བྱེད་པར་བརྩོན་ལེན་བྱས། 

འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཉིས་སྟོང་བཅུ་དགུ་ལོའི་ཟླ་གཉིས་པར་འཇར་པན་དུ་འཚམས་འདྲི་བྱེད་སྐབས། སྐབས་དེའི་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་དང་མཉམ་དུ་དམག་དོན་གསང་འཕྲིན་སྲུང་སྐྱོབ་གྲོས་ཆོད་འགོད་པར་ཕལ་ཆེར་གྲོས་འཆམ་བྱུང་ཡོད་ཀྱང་། འཇར་མན་དང་འཇར་པན་རང་རང་གི་གྲོས་ཆོད་དོན་ཚན་གྱི་བཅའ་ཁྲིམས་འགྲེལ་བརྗོད་མི་འདྲ་བས་སྐབས་ཐོག་དེར་གྲོས་མོལ་དངོས་སུ་ཡོངས་འགྲུབ་བྱེད་མ་ཐུབ་པ་རེད། 

འཇར་པན་གྱིས་ཨ་མེ་རི་ཁ་དང་། ཨོ་སི་ཁྲུ་ལི་ཡཱ། ཧན་གོ་བཅས་ཀྱི་བར་དམག་དོན་གསང་འཕྲིན་སྲུང་སྐྱོབ་གྲོས་ཆོད་བཀོད་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།