ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་བདེ་འཇགས་སྡེ་ཁག་གིས་འཇིགས་སྐུལ་འཇབ་རྒོལ་གྱི་གཡོ་ཇུས་ཤིག་ཕམ་ཉེས་སུ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡི་དྲ་ཚིགས་ཀྱིས་ཚེས་ལྔ་ཉིན་སྤྱི་སྒྲོག་སྤེལ་ཏེ། ཨུ་རུ་སིའི་ཁྲིམས་འཛིན་མི་སྣས་སི་ཐཱ་ཧྥུའུ་ལོ་པའོ་ཨར་མཐའ་མཚམས་ས་ཁུལ་ནས་འཇིགས་སྐུལ་འཇབ་རྒོལ་གྱི་གཡོ་ཇུས་ཤིག་ཕམ་ཉེས་སུ་བཏང་ཡོད་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། ཁྲིམས་འཛིན་མི་སྣས་སི་ཐཱ་ཧྥུའུ་ལོ་པའོ་ཨར་མཐའ་མཚམས་ས་ཁུལ་གྱི་ཅི་སི་ལོ་བོ་ཚི་ཁི་གྲོང་ཁྱེར་དུ་འགུལ་སྐྱོད་སྤེལ་ཏེ། རང་བཟོས་འགད་རྫས་སྒྲིག་ཆས་བཀོལ་ནས་ཁྲིམས་འཛིན་ལས་ཁུངས་ལ་འཇབ་རྒོལ་བྱེད་རྩིས་ཡོད་པའི་དོགས་ཡོད་ཉེས་ཅན་ཞིག་འཛིན་བཟུང་བྱས། དོགས་ཡོད་ཉེས་ཅན་དེ་ནི་ཨུ་རུ་སིའི་སྤྱི་དམངས་ཡིན་པ་དང་། གཅིག་སྟོང་དགུ་བརྒྱ་གོ་དྲུག་ལོར་སྐྱེས་པ་ཡིན་ལ། སྔོན་ཆད་ནག་ཉེས་བཟོས་པའི་གནས་ཚུལ་ཡོད། ཨུ་རུ་སིའི་བདེ་འཇགས་སྡེ་ཁག་གིས་དེའི་ཁྱིམ་ནས་འགད་རྫས་སྒྲིག་ཆས་རང་བཟོ་བྱེད་པར་བཀོལ་བའི་དངོས་རྫས་དང་ཐལ་སྤྱོད་རིང་ལུགས་ཀྱི་དྲིལ་སྒྲོག་རྒྱུ་ཆ་སོགས་རྩད་ཆོད་ཡོད། 

སྤྱི་སྒྲོག་ལས་བཤད་རྒྱུར། ཁྲིམས་འཛིན་མི་སྣས་ཉིན་དེ་ད་རུང་ཅི་སི་ལོ་བོ་ཚི་ཁི་གྲོང་ཁྱེར་ནས་དོགས་ཡོད་ཉེས་ཅན་དེ་དང་འབྲེལ་བ་ཡོད་པའི་ཨུ་རུ་སིའི་སྤྱི་དམངས་གསུམ་འཛིན་བཟུང་བྱས། ཁོ་ཚོས་སི་རི་ཡཱའི་མངའ་ཁོངས་ཀྱི་འཇིགས་སྐུལ་རྩ་འཛུགས་ལ་མ་དངུལ་བསྡུ་རུབ་བྱས་པའི་དོགས་གཞི་ཡོད་པ་དང་། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་རྒྱབ་སྐྱོར་མཁན་ཡིན་པ་རེད་ཟེར། 

སྤྱི་སྒྲོག་ལས་དུས་ནམ་ཞིག་ལ་འཛིན་བཟུང་བྱས་པ་གསལ་བོར་བསྒྲགས་མེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།