ཀྲུང་གོ་བོད་ཀྱི་དྲ་བ།

ཧིན་རྡུ་ཉི་ཞི་ཡཱ་ནས་ཆུ་ལོག་གི་གནོད་འཚེ་བྱུང་སྟེ་མི་ཞེ་གཅིག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་ཁབ་གནོད་འགོག་ལས་དོན་ཁང་གིས་ཚེས་བཞི་ཉིན་གྱི་དགོང་མོར་གསར་འགྱུར་ལས་རིགས་ལ་སྙན་ཞུ་བྱས་དོན། ཧིན་རྡུ་ཉི་ཞི་ཡཱའི་ཤར་ཕྱོགས་ཀྱི་ནོའུ་ཧྲ་ཏིན་ཅཱ་ལཱ་ཞིང་ཆེན་དུ་ཉིན་དེའི་ཞོགས་པར་ཆུ་ལོག་གི་གནོད་འཚེ་བྱུང་བ་དང་། མིག་སྔར་མི་ཞེ་གཅིག་རྐྱེན་ལམ་དུ་ཤོར་བ་དང་མི་ཉེར་བདུན་གར་སོང་རྙེད་མེད་ཟེར། 

ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་ཁབ་གནོད་འགོག་ལས་དོན་ཁང་གིས་བཤད་རྒྱུར། ཤར་ཕྱོགས་ཀྱི་ནོའུ་ཧྲ་ཅཱ་ལཱ་ཞིང་ཆེན་གྱི་ཧྥོ་ལོ་ལེ་སི་ཤར་མ་རྫོང་གི་གྲོང་རྡལ་མང་བོར་ཚེས་བཞི་ཉིན་གྱི་ཞོགས་པའི་དུས་ཚོད་གཅིག་ཡས་མས་སུ་གློ་བུར་དུ་དྲག་ཆར་བབས་ཏེ། གཙང་ལག་རྒྱས་བ་དང་ཆུ་རགས་ཤོར་ནས་ཆུ་ལོག་གི་གནོད་འཚེ་བྱུང་། གནོད་འཚེ་ཐེབས་པའི་ས་ཁུལ་གྱི་ཁང་བ་བཅུ་ཕྲག་འགའ་ཆུ་ལོག་གིས་བསྣུབས་པ་དང་འདམ་གསེག་གི་འོག་ཏུ་མནན། ཟམ་པ་གཅིག་ཆུས་ཁུར། གནོད་འཚེ་བྱུང་རྗེས་མི་བརྒྱ་ཕྲག་འགའ་བྲེལ་མྱུར་ངང་བདེ་འཇགས་ས་ཁུལ་དུ་བསྐྱལ། རྒུད་སྐྱོབ་དང་བསྡོམས་རྩིས་བྱ་བ་མུ་མཐུད་དུ་སྤེལ་བ་དང་བསྟུན་ནས། ཚོད་དཔག་བྱས་ན་ཐེངས་འདིའི་གནོད་འཚེ་ལས་ཤི་རྨས་ཐེབས་པའི་མི་སྣ་དང་རྒྱུ་ནོར་གྱོང་གུད་ཀྱི་ཚད་སྔར་ལས་ཇེ་མང་དུ་འགྲོ་ངེས་རེད་ཟེར། 

ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་ཁབ་གནོད་འགོག་ལས་དོན་ཁང་གིས་བཤད་རྒྱུར། རྒུད་སྐྱོབ་མི་སྣ་དང་དམག་མི། དང་བླངས་པ་བཅས་ཀྱིས་གྲུབ་པའི་མཉམ་འབྲེལ་རྒུད་སྐྱོབ་རུ་དཔུང་གིས་བྲེལ་མྱུར་ངང་རྒུད་སྐྱོབ་བྱེད་བཞིན་ཡོད་ཀྱང་། ས་དེར་བསྟུད་མར་དྲག་ཆར་དང་རླུང་ཆེན་གཡུག་པའི་ནམ་ཟླ་བྱུང་སྟེ། གློག་ཆད་པར་མ་ཟད་འགྲིམ་འགྲུལ་ལའང་དཀའ་ཁག་བཟོས་ཡོད་སྟབས། རྒུད་སྐྱོབ་བྱ་བར་ཡང་ཤུགས་རྐྱེན་མི་དམན་པ་བཟོས་ཡོད། ཚོད་དཔག་བྱས་ན་མ་འོངས་པའི་གཟའ་འཁོར་གཅིག་གི་ནང་གནོད་ཐེབས་ས་ཁུལ་དུ་དྲག་ཆར་དང་རླུང་ཆེན་སོགས་ཀྱི་ཐལ་དྲགས་པའི་གནམ་གཤིས་ཡོད་པས། ས་གནས་སྲིད་གཞུང་དང་མང་ཚོགས་ཀྱིས་མུ་མཐུད་དུ་འབྱུང་སྲིད་པའི་ཆུ་ལོག་གི་གནོད་འཚེ་སོགས་ལ་དོགས་ཟོན་བྱེད་དགོས་པའི་གསལ་འདེབས་བྱས།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།