ཨ་ཧྥུའུ་ཧན་སྲིད་གཞུང་དམག་དཔུང་གིས་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་བརྒྱ་དང་ང་བདུན་བསད།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་རྒྱལ་སྲུང་པུའུ་ཡིས་ཚེས་བཞི་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་ཧྥུའུ་ཧན་སྲིད་གཞུང་དམག་དཔུང་གིས་འདས་པའི་དུས་ཚོད་ཉེར་བཞིའི་ནང་བསྡོམས་པས་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་བརྒྱ་དང་ང་བདུན་བསད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ཁན་ཏཱ་ཧཱ་ཞིང་ཆེན་དང་ནན་ཀི་ཧཱ་ཨར་ཞིང་ཆེན། ལཱ་ཀི་མན་ཞིང་ཆེན། ཁུའུ་ནཱ་ཨར་ཞིང་ཆེན། ཧྥ་ལི་ཡཱ་པུའུ་ཞིང་ཆེན། ཁོན་ཏུའུ་ཧྲི་ཞིང་ཆེན། ལུའུ་ཀི་ཨར་ཞིང་ཆེན། ཀུའུ་ཨར་ཞིང་ཆེན། པཱ་ཏཱ་ཧི་ཧྲང་ཞིང་ཆེན། པཱ་ཨར་ཧི་ཞིང་ཆེན་བཅས་ནས་ཐཱ་ལེ་པེན་དྲག་ཆས་པར་ཆམ་ཕབ་གཏོང་བའི་འགུལ་སྐྱོད་སྤེལ་ནས། བསྡོམས་པས་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་བརྒྱ་དང་ང་བདུན་བསད་པ་དང་མི་ཞེ་གཉིས་ལ་རྨས་ཕོག་ཡོད། དེ་ལས་གཞན་སྲིད་གཞུང་དམག་དཔུང་གིས་ད་རུང་སྟབས་བདེའི་འགད་རྫས་སྒྲིག་ཆས་བརྒྱད་ཅུ་གཏོར་ལེན་བྱས་ཟེར། 

སྲིད་གཞུང་དམག་དཔུང་གི་ཆམ་ཕབ་འགུལ་སྐྱོད་ཐད་ནས་ཐཱ་ལེ་པན་གྱིས་ཚེས་བཞི་ཉིན་གསལ་སྒྲོག་སྤེལ་ཏེ། སྲིད་གཞུང་གིས་ཉེ་སྔོན་ཐཱ་ལེ་པེན་ལ་གཞི་རྒྱ་ཆེ་བའི་དམག་དོན་དཔུང་འཇུག་བྱེད་བཞིན་ཡོད། གལ་ཏེ་སྲིད་གཞུང་གི་དམག་དོན་འགུལ་སྐྱོད་མུ་མཐུད་དུ་སྤེལ་ན། ཐཱ་ལེ་པན་གྱིས་འཁོན་ལན་སློག་པའི་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།