དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གཞོན་པས་ཨ་མེ་རི་ཁས་ཐེངས་གཅིག་ལ་བཀག་སྡོམ་བྱེད་ཐབས་ཡོད་ཚད་མེད་པར་གཏོང་དགོས་པའི་རེ་བ་བཏོན།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡི་བློན་ཆེན་གཞོན་པ་ཨ་ལཱ་ཀི་ཞེ་ཡིས་ཚེས་བཞི་ཉིན་བཤད་རྒྱུར། ཨ་མེ་རི་ཁ་ཡང་བསྐྱར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནང་ཞུགས་པའི་གནད་དོན་ཐད་ནས། དབྱི་ལིང་གིས་ལས་རིམ་བགོ་བའི་ཇུས་གཞི་དང་ལེན་བྱེད་མི་སྲིད་པའི་ཚུལ་བསྟན་པ་དང་། ཨ་མེ་རི་ཁས་ཐེངས་གཅིག་ལ་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་ཡོད་ཚད་མེད་པར་གཏོང་དགོས་པའི་རེ་བ་བཏོན། 

ཨ་ལཱ་ཀི་ཞེ་ཡིས་གསར་འགྱུར་ལས་རིགས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཚེས་དྲུག་ཉིན་ཨོ་སི་ཁྲུ་རི་ཡཱའི་རྒྱལ་ས་ཝེ་ཡེ་ནཱ་ནས་སྤེལ་བར་ཐག་བཅད་ཡོད་པའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལ་འབྲེལ་བའི་གྲོས་ཚོགས་སྟེང་། དབྱི་ལིང་གི་འཐུས་མིས་ཨ་མེ་རི་ཁའི་འཐུས་མིའི་བར་ཐད་ཀར་དང་ཡང་ན་བརྒྱུད་པའི་གྲོས་མོལ་གང་ཡང་སྤེལ་མི་སྲིད་ཟེར། 

ཨ་ལཱ་ཀི་ཞེ་ཡིས་བཤད་རྒྱུར། དབྱི་ལིང་གིས་སྐབས་ཐོག་དེར་ཨ་མེ་རི་ཁ་མ་གཏོགས་པའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་ཁག་གཞན་པར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནང་ཡང་བསྐྱར་ཞུགས་པའི་རེ་བ་དང་ཆ་རྐྱེན་བརྒྱུད་སྒྲོག་བྱེད་རྒྱུ་ཡིན་པ་དང་། དབྱི་ལིང་གིས་ཨ་མེ་རི་ཁས་ཐོག་མར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལག་བསྟར་ནན་མོ་བྱས་ཏེ་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་ཚང་མ་མེད་པར་གཏོང་དགོས་པའི་རེ་བ་བཏོན། དབྱི་ལིང་གིས་བཀག་སྡོམ་བྱེད་ཐབས་མེད་པར་བཏང་བའི་གནས་ཚུལ་ལ་དཔྱད་ཞིབ་བྱས་རྗེས་གྲོས་མཐུན་ལག་བསྟར་གང་ལེགས་བྱེད་ངེས་ཡིན་ཟེར། 

དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ཚེས་གསུམ་ཉིན་དབྱི་ལིང་གསར་འགྱུར་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཐེངས་མང་བོར་གསལ་སྒྲོག་སྤེལ་བ་ནང་བཞིན་ང་ཚོས་ལས་རིམ་བགོས་ཏེ་བཀག་སྡོམ་མེད་པར་གཏོང་བའི་འཆར་གཞིར་བསམ་བློ་གཏོང་མི་སྲིད་ཟེར།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།