མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཨ་མེ་རི་ཁས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་མི་སྣའི་བཀག་སྡོམ་མེད་པར་བཏང་བར་དགའ་བསུ་ཞུས།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་གསུམ་ཉིན་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཨ་མེ་རི་ཁས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་མི་སྣའི་བཀག་སྡོམ་མེད་པར་བཏང་བར་དགའ་བསུ་ཞུས།

ཀུའུ་ཐི་ལོས་སི་ཡི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་ཚེས་གསུམ་ཉིན་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་ཨ་མེ་རི་ཁས་ན་ནིང་སྤེལ་བའི་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་དམིགས་པའི་སྲིད་འཛིན་བཀའ་རྒྱ་རྩིས་མེད་དུ་བཏང་བར་དགའ་བསུ་ཞུས་ཟེར། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་རྒྱལ་སྤྱིའི་ནག་ཉེས་ཀྱི་འགན་འཁྲི་རྩད་གཅོད་བྱེད་པའི་ཐད་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་བཏོན་ཡོད་པས། ཀུའུ་ཐི་ལོས་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མུ་མཐུད་དུ་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་བར་གྱི་འབྲེལ་བའི་གྲོས་མཐུན་གཞིར་བཟུང་སྟེ་ཁྲིམས་ཁང་དེའི་བར་མཉམ་ལས་སྲུང་འཛིན་བྱེད་རྒྱུ་ཡིན་ཟེར། 

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་གྱིས་ཚེས་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཉིན་དེར་སྔོན་ཆད་ཀྱི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ན་ནིང་སྤེལ་བའི་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་དམིགས་པའི་སྲིད་འཛིན་བཀའ་རྒྱ་ཞིག་རྩིས་མེད་དུ་བཏང་། ཨ་མེ་རི་ཁ་ཕྱོགས་ཀྱིས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཞིབ་དཔྱོད་དཔོན་པོ་པིན་སུའུ་ཏཱ་དང་དེའི་དབང་གཏོགས་ལས་ཁུངས་ཁ་གསབ་དང་མཉམ་ལས་སྡེ་ཁག་གི་འགན་ཁུར་བ་མའོ་ཆའོ་ཆའོ་ཁི་ཡི་བཀག་སྡོམ་རྩིས་མེད་དུ་བཏང་བར་མ་ཟད། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིས་སྟོང་བཅུ་དགུ་ལོར་བཏོན་པའི་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ངེས་གཏན་མི་སྣའི་ལམ་ཡིག་ཚད་བཀག་སྲིད་ཇུས་ཀྱང་མེད་པར་བཏང་ཡོད་ཟེར། 

རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ན་ནིང་ཟླ་གསུམ་པར་ཐཱ་ལེ་པན་དང་ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་། ཨ་མེ་རི་ཁའི་དམག་དོན་དང་གསང་འཕྲིན་མི་སྣ་བཅས་ཀྱིས་ཨ་ཧྥུའུ་ཧན་དང་འབྲེལ་བའི་འཐབ་ཇུས་ནག་ཉེས་དང་མིའི་རིགས་ལ་ངོ་རྒོལ་བྱེད་པའི་ནག་ཉེས་ལ་རྟོག་ཞིབ་བྱེད་པར་ཆོག་མཆན་བཀོད། པིན་སུའུ་ཏཱ་ཡིས་བསྟན་དོན། ཨ་མེ་རི་ཁའི་མི་སྣས་ཉིས་སྟོང་གསུམ་ལོ་ནས་ཉིས་སྟོང་བཞི་ལོའི་བར་ཨ་ཧྥུའུ་ཧན་ནས་བཀག་འཇུག་མི་སྣར་མནར་གཅོད་དང་མི་སྒེར་གྱི་ལ་རྒྱ་འཕྲོག་པ་སོགས་ཀྱི་བྱ་སྤྱོད་སྤེལ་མྱོང་བར་བདེན་དཔང་མང་བོ་ཡོད་ཟེར།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།