སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ན་གཞོན་ཏང་གི་འཇབ་རྒོལ་གཡོ་ཇུས་ཤིག་ཕམ་ཉེས་སུ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སོ་མཱ་ལིའི་དམག་ཕྱོགས་ཀྱིས་ཚེས་གསུམ་ཉིན་བཤད་རྒྱུར། སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ཉིན་དེར་སོ་མཱ་ལིའི་ལྷོ་ཕྱོགས་ཀྱི་དམག་དོན་རྟེན་གཞི་གཉིས་ནས་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་གཡོ་ཇུས་ཕམ་ཉེས་སུ་བཏང་བ་དང་། དྲག་ཆས་ཉེས་ཅན་མང་བོ་བསད་པའམ་རྨས་ཟེར། 

སོ་མཱ་ལིའི་དམག་ཕྱོགས་ཀྱི་མགོ་ཁྲིད་པ་ལཱ་ཅེ་ཡིས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་དྲག་ཆས་ཉེས་ཅན་གྱིས་ཉིན་དེའི་ཞོགས་པར་སོ་མཱ་ལིའི་དམག་ཕྱོགས་ཀྱི་ཞེ་པེ་ལེ་མངའ་སྡེ་ཞོལ་མའི་ཨོ་ཏིས་ཀི་ལེ་གྲོང་རྡལ་དང་པཱ་ལི་ལོས་གྲོང་རྡལ་གྱི་དམག་དོན་རྟེན་གཞི་གཉིས་ལ་འཇབ་རྒོལ་བྱས་ཀྱང་། སོ་མཱ་ལིའི་དམག་ཕྱོགས་ཀྱིས་མཐར་སྐྲོད་བཏང་། རྟེན་གཞི་དེ་གཉིས་མིག་སྔར་ཞི་འཇགས་སུ་བཏང་ཡོད་པ་དང་། སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གི་མི་སྣར་ཤི་རྨས་ཐེབས་མེད་ཟེར། 

གཞན་ཡང་བསྒྲགས་པ་ལྟར་ན། ན་གཞོན་ཏང་གིས་གོང་གི་དམག་དོན་རྟེན་གཞི་དེ་གཉིས་བཙན་བཟུང་བྱས་པ་དང་སྲིད་གཞུང་དམག་དཔུང་གི་དམག་མི་བཅུ་ཕྲག་འགའ་བསད་ཡོད་ཟེར།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།