ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དྲག་ཆས་ཉེས་ཅན་གྱིས་མཱ་ལི་རུ་སྡོད་པའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་དྲག་པོ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། དྲག་ཆས་ཉེས་ཅན་གྱིས་ཚེས་གཉིས་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཱ་ལིའི་ཕྱོགས་བསྡུས་གཏན་འཇགས་ཆེད་མངག་ཚོགས་པར་འཇབ་རྒོལ་བྱས་པར་རྒོལ་གཏམ་དྲག་པོ་བཏང་། 

མཱ་ལིའི་གཏན་འཇགས་ཆེད་མངག་ཚོགས་པའི་མཱ་ལིའི་བྱང་ཕྱོགས་ཀྱི་ཅི་ཏཱ་ཨར་ས་ཁོངས་ཀྱི་ཨ་ཀའེ་ལོ་ཁི་ས་ཁུལ་དུ་ཡོད་པའི་དམག་སྒར་ཞིག་ལ་ཚེས་གཉིས་ཉིན་འཇབ་རྒོལ་ཐེབས་ཏེ། ཀྲ་ཏིའི་ཞི་བདེ་སྲུང་སྐྱོབ་དམག་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་དགུར་རྨས་ཕོག་ཡོད། 

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཁ་ཚིག་དྲག་པོས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་། གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མཱ་ལིའི་སྲིད་གཞུང་གིས་མྱུར་མོར་འཇབ་རྒོལ་དོན་རྐྱེན་དེར་རྟོག་ཞིབ་བྱས་ཏེ། ལག་དམར་ཁྲིམས་ལ་སྦྱོར་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། དེའི་ཞོར་དུ་ཞི་བདེ་སྲུང་སྐྱོབ་མི་སྣར་དམིགས་པའི་འཇབ་རྒོལ་དེས་འཐབ་འཁྲུག་ནག་ཉེས་གྲུབ་ཡོད་སྲིད་པས། ཐེངས་འདིའི་འཇབ་རྒོལ་གྱི་འཆར་འགོད་མཁན་དང་བཀོད་འདོམ་མཁན། རོགས་སྐྱོར་མཁན། ལག་བསྟར་མཁན་བཅས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ལས་གཏན་འཁེལ་བྱས་པའི་བཀག་སྡོམ་བྱ་ཡུལ་དུ་འགྱུར་ཡང་སྲིད་པ་ནན་གྱིས་བསྟན། 

གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མཱ་ལིའི་བདེ་འཇགས་གནས་བབ་དང་སཱ་ཧི་ལེ་ས་ཁུལ་གྱི་འཇིགས་སྐུལ་འཇིགས་ཉེན་གྱི་རྒྱལ་ཁོངས་བརྒལ་བའི་རང་བཞིན་ལ་སེམས་ཁུར་བྱེད་བཞིན་ཡོད་པ་དང་། མཱ་ལིའི་ཕྱོགས་ཁག་སོ་སོས་ཞི་བདེ་དང་འགྲིག་མཐུན་གྱི་གྲོས་མཐུན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་། ཕྱོགས་ཡོངས་ནས་གྲོས་མཐུན་ལག་བསྟར་བྱེད་པ་དང་དོ་མཉམ་མིན་པའི་འཇིགས་ཉེན་ལ་ཆམ་ཕབ་གཏོང་བར་ཤུགས་སྣོན་བྱས་ན་མཱ་ལི་མངའ་ཁོངས་ཧྲིལ་བོའི་བདེ་འཇགས་གནས་བབ་ལེགས་བཅོས་བྱེད་པར་ཕན་ཐོགས་ཡོད་པ་དང་། སཱ་ཧི་ལེའི་རྒྱལ་ཁབ་ལྔའི་སྡེ་ཚོགས་ཀྱི་མཉམ་འབྲེལ་དམག་དཔུང་གིས་ས་ཁུལ་དེའི་འཇིགས་སྐུལ་རྩ་འཛུགས་དང་རྩ་འཛུགས་ཡོད་པའི་ནག་ཉེས་ཚོགས་ཁག་གཞན་པར་ཆམ་ཕབ་བཏང་ན་སཱ་ཧི་ལེ་ས་ཁུལ་གྱི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པར་ཕན་ཐོགས་ཡོད་ཟེར། 

ཚེས་གཉིས་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། མཱ་ལིའི་སྲིད་གཞུང་གིས་ནུས་པ་ཅི་ཡོད་བཏོན་ནས་མྱུར་མོར་ལག་དམར་ཁྲིམས་ལ་སྦྱོར་དགོས་པའི་འབོད་སྐུལ་བཏང་།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།