ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་མི་སྣའི་བཀག་སྡོམ་མེད་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་གྱིས་ཚེས་གཉིས་ཉིན་བཤད་རྒྱུར། ཨ་མེ་རི་ཁའི་སྲིད་གཞུང་གིས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་འབྲེལ་ཡོད་མི་སྣའི་བཀག་སྡོམ་དང་ལམ་ཡིག་གི་ཚད་བཀག་མེད་པར་བཏང་ཡོད་ཟེར། 

པུའུ་ལིན་ཁུན་གྱིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཉིན་དེར་སྔོན་ཆད་ཀྱི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ན་ནིང་སྤེལ་བའི་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་དམིགས་པའི་སྲིད་འཛིན་བཀའ་རྒྱ་ཞིག་རྩིས་མེད་དུ་བཏང་། ཨ་མེ་རི་ཁ་ཕྱོགས་ཀྱིས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཞིབ་དཔྱོད་དཔོན་པོ་པིན་སུའུ་ཏཱ་དང་དེའི་དབང་གཏོགས་ལས་ཁུངས་ཁ་གསབ་དང་མཉམ་ལས་སྡེ་ཁག་གི་འགན་ཁུར་བ་མའོ་ཆའོ་ཆའོ་ཁི་ཡི་བཀག་སྡོམ་རྩིས་མེད་དུ་བཏང་བར་མ་ཟད། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིས་སྟོང་བཅུ་དགུ་ལོར་བཏོན་པའི་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ངེས་གཏན་མི་སྣའི་ལམ་ཡིག་ཚད་བཀག་སྲིད་ཇུས་ཀྱང་མེད་པར་བཏང་ཡོད་ཟེར། 

པུའུ་ལིན་ཁུན་གྱིས་བཤད་རྒྱུར། ཨ་མེ་རི་ཁའི་དཔྱད་འཇོག་ལས་བལྟས་ན་བྱེད་ཐབས་དེ་དག་ལུགས་མཐུན་མིན་ལ་ནུས་པ་མེད་པར་བསམ་ཡོད་ཟེར། ཁོས་ད་རུང་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཨ་ཧྥུའུ་ཧན་དང་ཕཱ་ལེ་སི་ཐན་གྱི་གནས་བབ་དང་འབྲེལ་བའི་འགུལ་སྐྱོད་ལ་ངོ་རྒོལ་དྲག་པོ་བྱེད་པ་དང་། ཁྲིམས་ཁང་དེས་ཨ་མེ་རི་ཁ་དང་དབྱི་སི་རལ་སོགས་ཆིངས་ཡིག་བཀོད་མེད་པའི་རྒྱལ་ཁབ་དག་གི་མི་སྣར་དབང་གཏོགས་དབང་ཆ་ལག་བསྟར་བྱེད་རྩིས་བྱས་པར་ངོ་རྒོལ་བྱེད་བཞིན་ཡོད་ཟེར། 

རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་རོ་མཱའི་སྒྲིག་ཆིངས་བཀོད་པའི་རྒྱལ་ཁབ་ཚོགས་ཆེན་གྱི་ཀྲུའུ་ཞི་ཏི་ཀུའུ་ཨར་མིན་ཏིས་ཀྱིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་སྲིད་གཞུང་གི་ཆོད་དོན་ལ་དགའ་བསུ་བྱས་པ་དང་། ཆོད་དོན་དེ་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་བྱ་བར་ཤུགས་སྣོན་པར་ཕན་ཐོགས་ཡོད་པ་དང་། སྒྲིག་སྲོལ་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྐུལ་འདེད་གཏོང་ཐུབ་པར་འདོད། 

རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ན་ནིང་ཟླ་གསུམ་པར་ཐཱ་ལེ་པན་དང་ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་། ཨ་མེ་རི་ཁའི་དམག་དོན་དང་གསང་འཕྲིན་མི་སྣ་བཅས་ཀྱིས་ཨ་ཧྥུའུ་ཧན་དང་འབྲེལ་བའི་འཐབ་ཇུས་ནག་ཉེས་དང་མིའི་རིགས་ལ་རྒོལ་བྱེད་ནག་ཉེས་ལ་རྟོག་ཞིབ་བྱེད་པར་ཆོག་མཆན་བཀོད། པིན་སུའུ་ཏཱ་ཡིས་བསྟན་དོན། ཨ་མེ་རི་ཁའི་མི་སྣས་ཉིས་སྟོང་གསུམ་ལོ་ནས་ཉིས་སྟོང་བཞི་ལོའི་བར་ཨ་ཧྥུའུ་ཧན་ནས་བཀག་འཇུག་མི་སྣར་མནར་གཅོད་དང་མི་སྒེར་གྱི་ལ་རྒྱ་འཕྲོག་པ་སོགས་ཀྱི་བྱ་སྤྱོད་སྤེལ་མྱོང་བར་བདེན་དཔང་མང་བོ་ཡོད་ཟེར། 

ཐི་ལིང་ཕུའུ་ཡིས་ན་ནིང་ཟླ་དྲུག་པར་ཁྱབ་སྒྲོག་བྱས་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་གོང་གི་རྟོག་ཞིབ་ལ་ཞུགས་པའི་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་འབྲེལ་ཡོད་མི་སྣར་དཔལ་འབྱོར་བཀག་སྡོམ་དང་ས་ཁོངས་གཞན་པའི་འགྲོ་འོངས་ཚད་བཀག་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཡིན་ཟེར། ཨ་མེ་རི་ཁ་ཕྱོགས་ཀྱིས་ལོ་དེའི་ཟླ་དགུ་བར་པིན་སུའུ་ཏཱ་དང་མའོ་ཆའོ་ཆའོ་ཁི་གཉིས་ལ་བཀག་སྡོམ་བྱེད་རྒྱུ་ཁྱབ་སྒྲོག་བྱས་པར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱ་སྤྱོད་དེར་སེམས་ཁུར་བྱེད་པའི་ཚུལ་བསྟན།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།