ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱི་ཙུང་ཐུང་གིས་ཁ་པར་བརྒྱུད་དེ་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཚེས་གཉིས་ཉིན་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ལ་ཁ་པར་བཏང་སྟེ། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་གནས་བབ་སོགས་གནད་དོན་ཐད་ནས་གྲོས་བསྡུར་བྱས། དེ་ནི་པེད་ཏིན་གྱིས་ཙུང་ཐུང་གི་འགན་ཁུར་བའི་རྗེས་སུ་ཐོག་དང་པོར་ཙེ་ལེན་སི་ཅི་དང་ཁ་པར་གྲོས་མོལ་བྱས་པ་རེད། 

ཕོ་བྲང་དཀར་པོས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལྟར་ན། པེད་ཏིན་གྱིས་ཁ་པར་གཏོང་སྐབས་བསྟན་དོན། ཨ་མེ་རི་ཁས་ཝུའུ་ཁི་ལན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། ཝུའུ་ཁི་ལན་གྱི་རུལ་སུངས་དང་བཅོས་བསྒྱུར་གྲོས་རིམ་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། ཕྱོགས་གཉིས་ཀྱིས་ད་རུང་མཉམ་ལས་ལ་བརྟེན་ནས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་བཅོས་བྱེད་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

གཞན་ཡང་བསྒྲགས་པ་ལྟར་ན། ཙེ་ལེན་སི་ཅི་ཡིས་ཉིན་དེར་ཝུའུ་ཁི་ལན་གྱི་ཙུང་ཐུང་གཞུང་སྒྲུབ་ཁང་གིས་སྤེལ་བའི་བརྙན་རིས་གཏམ་བཤད་ཁྲོད་དུ་བཤད་རྒྱུར། ཁོ་དང་པེད་ཏིན་གྱིས་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཏོན་པཱ་སི་ས་ཁུལ་གྱི་གནས་བབ་དང་ཝུའུ་ཁི་ལན་གྱི་རུལ་སུངས་ངོ་རྒོལ། ཁྲིམས་འཛིན་དང་རྩ་ཁྲིམས་ཁྲིམས་ཁང་གི་བཅོས་བསྒྱུར་སོགས་ཀྱི་ཐད་ནས་བརྗེ་རེས་བྱས་པ་དང་། པེད་ཏིན་གྱིས་ཝུའུ་ཁི་ལན་གྱི་བཅོས་བསྒྱུར་བྱེད་ཐབས་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་ཡོད་ཟེར། 

ཙེ་ལེན་སི་ཅི་ཡིས་བཤད་རྒྱུར། མིག་སྔར་ཏོན་པཱ་སི་ས་ཁུལ་གྱི་ཕྱོགས་ཡོངས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་ནི་མེན་སི་ཁིའི་ཞི་བའི་གྲོས་མོལ་གྱི་ནོའུ་མན་ཏིས་རྣམ་པའི་གྲོས་མོལ་འཕེལ་རིམ་ལ་མུ་མཐུད་སྐུལ་འདེད་གཏོང་བའི་ཁག་ཐེག་ཡིན་ཟེར། ཙེ་ལེན་སི་ཅི་ཡིས་ཝུའུ་ཁི་ལན་ཕྱོགས་ཀྱིས་ཕྱི་འབྲེལ་ཐབས་ལ་བརྟེན་ནས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་གནད་དོན་ཐག་གཅོད་བྱེད་པའི་ལངས་ཕྱོགས་བསྐྱར་སྒྲོག་བྱས། 

ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་གནས་བབ་ཉེ་སྔོན་ཡང་བསྐྱར་ཛ་དྲག་ཏུ་གྱུར་ཡོད། ཝུའུ་ཁི་ལན་ཕྱོགས་ཀྱིས་ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་མཐའ་མཚམས་ས་ཁུལ་དུ་དམག་དཔུང་བསྡུས་ཏེ་ཝུའུ་ཁི་ལན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འཇིགས་ཉེན་ཆེན་པོ་བཟོས་ཡོད་ཟེར། 

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཟླ་བཞི་བའི་ཚེས་གཅིག་ཉིན་བསྟན་དོན། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དང་སྟོབས་ཤུགས་གཞན་པའི་དམག་དཔུང་དག་གི་ཨུ་རུ་སིའི་མཐའ་མཚམས་ས་ཁུལ་གྱི་འགུལ་སྐྱོད་ཇེ་མང་དུ་སོང་ཡོད་པས་ཨུ་རུ་སིའི་ཕྱོགས་ཀྱིས་དོགས་ཟོན་མཐོར་འདེགས་མི་བྱེད་ཐབས་མེད་ཡིན་པ་དང་། ཨུ་རུ་སི་ཡིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་རྒྱལ་ཁབ་རང་གི་མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་ལ་འགན་སྲུང་བྱེད་བཞིན་ཡོད་ཟེར། ཁོས་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་ཝུའུ་ཁི་ལན་མངའ་ཁོངས་ཀྱི་དྲག་ཆས་འཁྲུག་རྩོད་ཁྲོད་གཏན་ནས་ཞུགས་མྱོང་མེད་པ་དང་། ཨུ་རུ་སི་དང་ཡོ་རོབ་གླིང་གི་རྒྱལ་ཁབ། འཛམ་གླིང་ཡོངས་ཀྱི་ས་ཁུལ་གཞན་པའི་རྒྱལ་ཁབ་གང་ཡིན་ཡང་ཝུའུ་ཁི་ལན་གྱི་མངའ་ཁོངས་སུ་ཡང་བསྐྱར་འཐབ་འཁྲུག་འབྱུང་བར་རེ་བ་བྱས་མེད་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།