ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ཐཱ་ལི་ཡིས་ཨུ་རུ་སིའི་ཕྱི་འབྲེལ་མི་སྣ་གཉིས་མཐར་སྐྲོད་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ཐཱ་ལིའི་སྲིད་གཞུང་གིས་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་ཨུ་རུ་སིའི་ཕྱི་འབྲེལ་མི་སྣ་གཉིས་མཐར་སྐྲོད་བཏང་བ་དང་། རྒྱུ་མཚན་ནི་ཁོ་གཉིས་གསང་འཕྲིན་ཉོ་ཚོང་ལ་འབྲེལ་བ་ཡོད་པར་བཤད། ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། མིག་སྔར་ད་རུང་དོན་རྐྱེན་དེའི་བརྒྱུད་རིམ་གསལ་བོར་མི་ཤེས་ཀྱང་། ཨུ་རུ་སི་དང་དབྱི་ཐཱ་ལི་བར་གྱི་འཛུགས་སྐྲུན་རང་བཞིན་ལྡན་པའི་འབྲེལ་བ་སྲུང་འཛིན་བྱེད་པར་རེ་ཡོད་ཟེར། 

དབྱི་ཐཱ་ལིའི་ཕྱི་འབྲེལ་བློན་ཆེན་ཏིས་མཱ་ཡའོ་ཡིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། དབྱི་ཐཱ་ལི་ཡིས་གསང་འཕྲིན་ཉོ་ཚོང་ལ་འབྲེལ་བའི་དབྱི་ཐཱ་ལིར་སྡོད་པའི་ཨུ་རུ་སིའི་ཕྱི་འབྲེལ་མི་སྣ་གཉིས་མཐར་སྐྲོད་གཏོང་རྒྱུ་ཡིན་པ་དང་། ཁོས་དབྱི་ཐཱ་ལི་རུ་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཆེན་མོར་ཐུག་འཕྲད་བྱས་ཏེ་དབྱི་ཐཱ་ལིའི་སྲིད་གཞུང་གི་ངོ་རྒོལ་བསམ་ཚུལ་བརྒྱུད་སྒྲོག་བྱས། 

དབྱི་ཐཱ་ལིའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། དབྱི་ཐཱ་ལིའི་དམག་དོན་ཉེན་རྟོག་གི་དམིགས་བསལ་འགུལ་སྐྱོད་ཚན་ཆུང་གིས་ཉིན་དེའི་སྔ་དྲོར་ཁྱབ་སྒྲོག་བྱས་དོན། ཁོ་ཚོས་གསང་བའི་དམག་དོན་ཡིག་ཆ་ཨུ་རུ་སིའི་ཕྱི་འབྲེལ་མི་སྣར་སྤྲད་པའི་དབྱི་ཐཱ་ལིའི་མཚོ་དམག་གི་དམག་དཔོན་ཞིག་འཛིན་བཟུང་བྱས་ཡོད་ཟེར། 

དབྱི་ཐཱ་ལི་རུ་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཁང་གི་མགྲིན་ཚབ་པས་བདེན་དཔང་བྱས་དོན། གཞུང་ཚབ་ཁང་གི་མི་སྣ་གཅིག་དབྱི་ཐཱ་ལི་ཕྱོགས་ཀྱིས་བཀག་འཇུག་བྱས་པར་བཤད་ཀྱང་གནས་ཚུལ་བྱེ་བྲག་ཏུ་གསལ་བོར་བརྗོད་མེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།