ཧྥ་རན་སི་རྒྱལ་ཁབ་ཀྱིས་ས་ཁོངས་རང་དུ་བཀག་སྡོམ་ཁ་ཁར་བྱེད་པའི་བྱེད་ཐབས་ལག་བསྟར་བྱེད་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། ཧྥ་རན་སི་ཡིས་རང་གི་ས་ཁོངས་ཧྲིལ་བོར་བཀག་སྡོམ་ཁ་ཁར་བྱེད་པའི་བྱེད་ཐབས་ལག་བསྟར་བྱས་ཏེ། པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་རྒྱུ་ཡིན་ཟེར། 

མཱ་ཁི་ལུང་གིས་ཉིན་དེར་བརྙན་རིས་གཏམ་བཤད་སྤེལ་ཏེ། ཟླ་བཞི་བའི་ཚེས་གསུམ་ཉིན་ནས་བཟུང་དེའི་སྔོན་གྱི་རིམས་ནད་ཚབས་ཆེ་བའི་ཞིང་ཆེན་བཅུ་དགུར་ལག་བསྟར་བྱེད་པའི་བཀག་སྡོམ་ཁ་ཁར་བྱེད་པའི་བྱེད་ཐབས་དེ་ཧྥ་རན་སིའི་མངའ་ཁོངས་ཧྲིལ་བོར་རྒྱ་བསྐྱེད་རྒྱུ་ཡིན་པ་དང་། ཡུན་ཚད་གཟའ་འཁོར་བཞི་ཡིན་ཟེར། 

བྱེ་བྲག་གི་བྱེད་ཐབས་ལ་ཉིན་དཀར་ཉིན་རྒྱུན་གྱི་འགྲོ་འདུག་ཁྱབ་ཁོངས་སྤྱི་ལེ་བཅུའི་ནང་ཁུལ་དུ་ཚོད་འཛིན་བྱེད་ཅིང་། འཚོ་བའི་རྒྱུན་མཁོའི་དངོས་རྫས་ཕྱིར་འཚོང་བྱེད་པའི་ཚོང་ཁང་ཁོ་ནས་ཚོང་གཉེར་བྱས་ཆོག་ལ། ཉིན་རེའི་དགོང་མོའི་དུས་ཚོད་བདུན་ནས་ཕྱི་ཉིན་གྱི་ཞོགས་པའི་དུས་ཚོད་དྲུག་བར་མཚན་མགྲོན་འགོག་རྒྱུ་ཡིན་པར་མ་ཟད། རྒྱ་བསྟེན་གཞུང་སྒྲུབ་ལ་ཤུགས་སྣོན་བྱེད་པ་དང་ས་ཁོངས་བརྒལ་བའི་གནས་སྐོར་ལ་བཀག་འགོག་བྱེད་པ་སོགས་འདུས། 

མཱ་ཁི་ལུང་གིས་ད་རུང་ཁྱབ་སྒྲོག་བྱས་དོན། ཟླ་བཞི་བའི་ཚེས་ལྔ་ཉིན་ནས་བཟུང་། ཧྥ་རན་སིའི་སློབ་གྲྭ་འབྲིང་ཆུང་དང་བྱིས་སྐྱོང་ཁང་ཚང་མའི་སྒོ་བརྒྱབ་ནས་དྲ་ཐོག་ནས་སློབ་ཁྲིད་བྱེད་རྒྱུ་ཡིན་པ་དང་། ཡུན་ཚད་གཟའ་འཁོར་གཅིག་ཡིན། ཟླ་བཞི་བའི་ཚེས་བཅུ་གཉིས་ཉིན་ནས་བཟུང་། སློབ་གྲྭ་འབྲིང་ཆུང་དང་བྱིས་སྐྱོང་ཁང་ལ་འདས་ལོག་དུས་ཆེན་གྱི་གནང་བ་སྟེར་རྒྱུ་ཡིན་པ་དང་། ཡུན་ཚད་གཟའ་འཁོར་གཉིས་ཡིན། ཟླ་བཞི་བའི་ཚེས་ཉེར་དྲུག་ཉིན་ནས་བཟུང་བྱིས་སྐྱོང་ཁང་དང་སློབ་ཆུང་གི་སློབ་གྲྭའི་སློབ་ཁྲིད་སླར་གསོ་བྱེད་རྒྱུ་ཡིན་ལ། སློབ་འབྲིང་དང་མཐོ་འབྲིང་གིས་མུ་མཐུད་དུ་དྲ་ཐོག་ནས་སློབ་ཁྲིད་བྱས་ནས་ཟླ་ལྔ་བའི་ཚེས་གསུམ་ཉིན་ནས་བཟུང་རིམ་བཞིན་སློབ་ཁྲིད་སླར་གསོ་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།