ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་གཞོན་པས་ཕྱོགས་མང་རིང་ལུགས་ལ་བརྟེན་ནས་གསོད་རྨས་རང་བཞིན་གྱི་མཚོན་ཆ་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་གཞོན་པ་ཀིན་ཧྲོང་གིས་ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་གཅིག་ལྔ་བཞི་ཐིག་ཨུ་ཡོན་ལྷན་ཁང་གི་བྱ་བར་གྲོས་ཞིབ་བྱེད་པའི་བརྙན་རིས་ཚོགས་འདུའི་སྟེང་གཏམ་བཤད་སྤེལ་ཏེ། ཕྱོགས་མང་རིང་ལུགས་ལ་བརྟེན་ནས་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཀིན་ཧྲོང་གིས་བཤད་རྒྱུར། གཞི་རྒྱ་ཆེ་བའི་གསོད་རྨས་རང་བཞིན་ལྡན་པའི་མཚོན་ཆ་དང་དེའི་སྐྱེལ་འདྲེན་ཡོ་བྱད་རྒྱ་ཡན་དུ་འགྲོ་བ་དེ་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་འབྲེལ་བ་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མདུན་དུ་ལྷགས་པའི་ཐུན་མོང་གི་འགྲན་རྩོད་ཡིན། ཉིས་སྟོང་བཞི་ལོར་གྲོས་འཆམ་བྱུང་བའི་གྲོས་ཆོད་གཅིག་ལྔ་བཞི་ཐིག་ནི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཆེད་དོན་གྱི་གསོད་རྨས་རང་བཞིན་གྱི་མཚོན་ཆ་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་པའི་གྲོས་ཆོད་ཐོག་མ་ཡིན་ལ། རྒྱལ་སྤྱིའི་འགོག་སྲུང་མ་ལག་གི་གྲུབ་འབྲས་གལ་ཆེན་ཞིག་ཡིན། མིག་སྔའི་རྒྱལ་སྤྱིའི་བདེ་འཇགས་གནས་བབ་དང་ཁྱད་པར་དུ་གསོད་རྨས་རང་བཞིན་གྱི་མཚོན་ཆ་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་པའི་ཁྱབ་ཁོངས་ཀྱི་འཕེལ་ཕྱོགས་ལ་དམིགས་ནས་ཀྲུང་གོའི་ཕྱོགས་ཀྱིས་ཕྱོགས་བཞིའི་གནད་དོན་ནན་གྱིས་བསྟན། 

ཀིན་ཧྲོང་གིས་བསྟན་དོན། ཀྲུང་གོས་གཞི་རྒྱ་ཆེ་བའི་གསོད་རྨས་རང་བཞིན་གྱི་མཚོན་ཆ་དང་དེའི་སྐྱེལ་འདྲེན་ཡོ་བྱད་རྒྱ་ཡན་དུ་འགྲོ་བར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཅིང་། ནམ་རྒྱུན་མཚོན་ཆ་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་པའི་རྒྱལ་སྤྱིའི་འོས་འགན་ལག་བསྟར་ནན་མོ་བྱས་ཏེ། དོན་དངོས་བྱ་སྤྱོད་ལས་རྒྱལ་ཁབ་དང་ས་ཁུལ། རྒྱལ་སྤྱིའི་རིམ་པའི་མཚོན་ཆའི་འགོག་སྲུང་ཐད་བྱས་རྗེས་བཞག་ཡོད། ཀྲུང་གོའི་ཕྱོགས་ཀྱིས་མུ་མཐུད་དུ་ཕྱོགས་སོ་སོ་དང་མཉམ་དུ། གྲོས་ཆོད་གཅིག་ལྔ་བཞི་ཐིག་ལག་བསྟར་གང་ལེགས་བྱེད་པར་ཡར་སྐུལ་བྱེད་པ་དང་། གྲོས་ཆོད་ལ་ཕྱོགས་ཡོངས་ནས་གྲོས་ཞིབ་བྱེད་པར་སྐུལ་འདེད་བཏང་སྟེ། འཛམ་གླིང་ཡོངས་ཀྱི་མཚོན་ཆའི་འགོག་སྲུང་བཅོས་སྐྱོང་ལ་ཤུགས་སྣོན་པའི་ཐད་བྱས་རྗེས་གལ་ཆེན་འཇོག་རྒྱུ་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།