སིང་ག་ལཱའི་ནེ་ཀི་ཡིས་ཁི་ལོན་ཕའོ་གྲུ་ཁའི་མཁར་གྲོང་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས་འཆར་ཟིན་ལ་ཆོག་མཆན་བཀོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁི་ལོན་ཕའོ་གྲུ་ཁའི་མཁར་གྲོང་ལས་གཞི་པུའུ་ཡིས་ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་བསྒྲགས་པ་ལྟར་ན། སིང་ག་ལཱའི་ནེ་ཀི་ཡིས་ཉེ་སྔོན་ཁི་ལོན་ཕའོ་གྲུ་ཁའི་མཁར་གྲོང་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས་འཆར་ཟིན་ལ་ཆོག་མཆན་བཀོད་དེ་དངོས་སུ་ཁྱབ་བསྒྲགས་བྱས། དེ་ལས་ཁི་ལོན་ཕའོ་གྲུ་ཁའི་མཁར་གྲོང་གྱི་གཟིགས་སྐྱོང་སྲིད་ཇུས་དངོས་འབེབ་བྱ་བ་དེ་མཇུག་མཐའི་དུས་རིམ་དུ་བསླེབས་པ་མཚོན་ཡོད་ཟེར། 

འབྲེལ་ཡོད་གནས་ཚུལ་ལྟར་ན། བཅའ་ཁྲིམས་འཆར་ཟིན་དེའི་ནང་དོན་གཙོ་བོར་གྲུ་ཁའི་མཁར་གྲོང་གི་དཔལ་འབྱོར་དམིགས་བསལ་ས་ཁུལ་འཛུགས་པ་དང་། ཞོར་དུ་གྲུ་ཁའི་མཁར་གྲོང་དོ་དམ་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་མ་ཟད། མཚོ་འགྲམ་དང་དེར་འབྲེལ་གྱི་དངུལ་ལོར་བྱེད་སྒོ་སྤེལ་བར་སྐུལ་མ་བཏང་སྟེ། གྲུ་ཁའི་མཁར་གྲོང་དེ་མཚོ་འགྲམ་གྱི་དཔལ་འབྱོར་ལྟེ་བ་ཞིག་ཏུ་གསར་བསྐྲུན་བྱེད་རྒྱུ་རེད། དངུལ་གཏོང་ལ་སྐུལ་མ་གཏོང་ཆེད་བཅའ་ཁྲིམས་འཆར་ཟིན་ལས་གྲུ་ཁའི་མཁར་གྲོང་དུ་མ་དངུལ་བཏང་ན་ཆེས་མཐོ་བ་ལོ་ངོ་བཞི་བཅུའི་དཔྱ་ཁྲལ་མེད་པར་གཏོང་བའི་གཟིགས་སྐྱོང་ཐོབ་སྲིད་པ་རེད། 

གྲུ་ཁའི་མཁར་གྲོང་ལས་གཞི་པུའུ་ཡི་འགན་ཁུར་བས་བསྟན་དོན། ཁི་ལོན་ཕའོ་གྲུ་ཁའི་མཁར་གྲོང་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས་འཆར་ཟིན་གྱིས་ཕྱི་རྒྱལ་གྱི་ཐད་ཀར་དངུལ་གཏོང་ནང་འགུག་བྱེད་པར་གནད་འགག་གི་ནུས་པ་ཐོན་སྲིད་པ་དང་། དཔལ་འབྱོར་དམིགས་བསལ་ས་ཁུལ་འཛུགས་སྐྲུན་བྱེད་པ་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་ཆས་དང་མི་ཤུགས་མ་རྩ། ལམ་ལུགས་སྒྲོམ་གཞི་བཅས་ཀྱི་རིམ་པ་མཐོར་འདེགས་བྱེད་པའི་ནུས་ལྡན་ཡོ་བྱད་ཅིག་ཡིན་ལ། སིང་ག་ལཱའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཀྱང་ཡིན་ཟེར། 

ཁི་ལོན་ཕའོ་གྲུ་ཁའི་མཁར་གྲོང་ནི་སིང་ག་ལཱ་དང་ཀྲུང་གོའི་བརྒྱུད་གཅིག་ལམ་གཅིག་གི་མཉམ་ལས་ལས་གཞི་གལ་ཆེན་ཞིག་ཡིན་པ་དང་། རྒྱ་མཚོ་བསྲུབས་པའི་ཐབས་ཀྱིས་ཁི་ལོན་ཕའོ་ཡི་ཉེ་འགྲམ་ནས་མཁར་གྲོང་གསར་བ་ཞིག་གསར་འཛུགས་བྱེད་རྒྱུའི་འཆར་གཞི་ཡོད། ལས་གཞི་དེ་ཉིས་སྟོང་བཅུ་བཞི་ལོའི་ཟླ་དགུ་བར་ལས་མགོ་བརྩམས་པ་དང་། མིག་སྔར་རྒྱ་མཚོ་བསྲུབས་པའི་བྱ་བ་ཡོངས་འགྲུབ་བྱས་ཡོད། ལས་གཞི་དེ་ཡོངས་འགྲུབ་བྱས་རྗེས་ཨེ་ཤ་ཡཱ་ཤར་ལྷོ་མ་ས་ཁུལ་གྱི་དངུལ་ལོར་དང་གནས་སྐོར། དངོས་རྒྱུན་སོགས་གཞི་གཅིག་ཏུ་གྱུར་བའི་རིམ་པ་མཐོ་བའི་ཕྱོགས་བསྡུས་གྲོང་ཁྱེར་མ་ལག་ཅིག་ཏུ་འགྱུར་སྲིད། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།