ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་སྲིད་གཞུང་གི་མགྲིན་ཚབ་པས་ཨ་མེ་རི་ཁས་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་མེད་པར་མ་བཏང་ན་ཡང་བསྐྱར་ཕྱིར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནང་ཞུགས་པར་མི་ཕན་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་སྲིད་གཞུང་གི་མགྲིན་ཚབ་པ་ལཱ་པུས་ཨེ་ཡིས་ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་བཤད་རྒྱུར། ཨ་མེ་རི་ཁའི་སྲིད་གཞུང་གིས་ཡུན་རིང་འགོར་ཡང་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་མེད་པར་མ་བཏང་ན། ཡང་བསྐྱར་ཕྱིར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནང་ཞུགས་པར་མི་ཕན་ཟེར། 

ལཱ་པུས་ཨེ་ཡིས་བཤད་རྒྱུར། ཨ་མེ་རི་ཁའི་སྲིད་གཞུང་གིས་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་རྩིས་མེད་དུ་མ་བཏང་བར་འགོར་འགྱངས་བྱས་ན། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནང་ཡང་བསྐྱར་ཕྱིར་ལོག་པའི་གོ་སྐབས་ཇེ་ཉུང་དུ་འགྲོ་སྲིད་པར་མ་ཟད། ཨ་མེ་རི་ཁ་དང་དབྱི་ལིང་གི་འབྲེལ་བ་ལེགས་བཅོས་བྱེད་པའི་གདེང་ཚོད་ཀྱང་ཇེ་དམའ་རུ་འགྲོ་སྲིད་ཟེར། 

གཞན་ཡང་དབྱི་ལིང་གི་མིང་བཤད་མི་འདོད་པའི་དཔོན་པོ་ཞིག་གིས་བསྟན་དོན། ཨ་མེ་རི་ཁའི་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་ཚང་མ་རྩིས་མེད་དུ་མ་བཏང་བའི་སྔོན་ལ། དབྱི་ལིང་གིས་འདུས་ཚད་བརྒྱ་ཆའི་ཉི་ཤུ་ཡོད་པའི་ཉིང་འདུས་རྫས་ཐོན་སྐྱེད་བྱེད་མཚམས་འཇོག་རྒྱུ་མིན་ཟེར། དཔོན་པོ་དེས་ད་རུང་གལ་ཏེ་ཨ་མེ་རི་ཁའི་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་ཚང་མ་མེད་པར་མ་བཏང་ན། དབྱི་ལིང་གིས་མུ་མཐུད་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ཁྲོད་ཀྱི་དམ་བཅའ་ལག་བསྟར་བྱེད་ཚད་ཇེ་ཉུང་དུ་གཏོང་རྒྱུའི་ཉེན་བརྡ་བཏང་། 

དབྱི་ལིང་གྲོས་ཁང་གིས་ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་གཉིས་པའི་བཅའ་ཁྲིམས་འཆར་ཟིན་བཀོད་དེ། སྲིད་གཞུང་གིས་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་ཇེ་ལྷོད་དུ་མ་སོང་བའི་གནས་ཚུལ་འོག སྔར་ལས་ལྷག་པའི་སྒོ་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་ཚད་བཀག་གཏོར་དགོས་པའི་རེ་བ་བཏོན། ད་ལོའི་ཟླ་དང་པོའི་ཚེས་བཞི་ཉིན། དབྱི་ལིང་གིས་ཧྥུའུ་ཨར་ཏའོ་ཉིང་རྡུལ་སྒྲིག་ཆས་ཀྱི་ཉིང་འདུས་རྫས་ཀྱི་འདུས་ཚད་བརྒྱ་ཆའི་ཉི་ཤུ་ཇེ་མཐོར་གཏོང་བའི་འབྲེལ་ཡོད་བྱེད་ཐབས་ལག་བསྟར་བྱེད་མགོ་བརྩམས་པ་ཁྱབ་སྒྲོག་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།