ཀྲུང་གོ་བོད་ཀྱི་དྲ་བ།

ཅེ་ཁིའི་ཕྱུག་བདག་དང་པོ་གྱེན་འཕུར་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཅེ་ཁིའི་གསར་འགྱུར་ལས་རིགས་ཀྱིས་ཚེས་ཉེར་དགུ་ཉིན་བསྒྲགས་པ་ལྟར་ན། ཅེ་ཁིའི་ཕྱུག་བདག་དང་པོ་ཁི་ཨར་ནཱ་ཚེས་ཉེར་བདུན་ཉིན་ཨ་མེ་རི་ཁའི་ཨ་ལཱ་སི་ཅཱ་མངའ་སྡེ་ནས་བྱུང་བའི་གྱེན་འཕུར་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་ཟེར། 

བསྒྲགས་པ་ལྟར་ན། ཁི་ཨར་ནཱ་བསྡད་ཡོད་པའི་གྱེན་འཕུར་གནམ་གྲུ་དེ་ཚེས་ཉེར་བདུན་ཉིན་ཨ་ལཱ་སི་ཅཱ་མངའ་སྡེའི་འཁྱག་རོམ་ཡོད་ས་ཞིག་ཏུ་སར་ལྷུང་བ་དང་། དོན་རྐྱེན་དེ་ལས་བསྡོམས་པས་ཁི་ཨར་ནཱ་དང་བཅས་པའི་མི་ལྔ་རྐྱེན་ལམ་དུ་ཤོར། ཨ་ལཱ་སི་ཅཱ་མངའ་སྡེའི་ཉེན་རྟོག་ཕྱོགས་ཀྱིས་འདས་པོའི་མིང་ཐོ་ཁྱབ་སྒྲོག་བྱས་ཡོད། རྒུད་སྐྱོབ་མི་སྣས་གྱེན་འཕུར་གནམ་གྲུའི་ཆག་རོ་དང་འདས་པོའི་བེམ་པོ་རྙེད་ཡོད་ལ། དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། 

ལོ་ང་དྲུག་ཡིན་པའི་ཁི་ཨར་ནཱ་ནིPPFསྡེ་ཚོགས་ཀྱི་སྲོལ་འབྱེད་མཁན་ཡིན་པ་དང་། སྡེ་ཚོགས་སུ་བརྒྱ་ཆའི་གོ་བརྒྱད་དང་གྲངས་ཆུང་དགུ་གསུམ་གྱི་མ་རྐང་བཟུང་ཡོད། PPFསྡེ་ཚོགས་ནི་ཡོ་རོབ་གླིང་དབུས་ཤར་ས་ཁུལ་གྱི་ཆེས་ཆེ་བའི་དངུལ་གཏོང་དང་དངུལ་ལོར་སྡེ་ཚོགས་ཤིག་ཡིན་ཞིང་། མིག་སྔར་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་ཉི་ཤུ་ལྷག་ཏུ་བྱེད་སྒོ་སྤེལ་བཞིན་ཡོད་ལ། དངུལ་ཁང་ལས་རིགས་དང་དངུལ་ལོར་ཞབས་ཞུ། འཕྲིན་གཏོང་། ཉེན་ཚབ་ལས་རིགས། ས་ཁོངས་བདག་ཁང་། ནུས་ཁུངས། གཏེར་ཁའི་སྔོག་འདོན་སོགས་ལ་འབྲེལ་ཡོད་པ་དང་། དེའི་རྒྱུ་ནོར་ཡོ་སྒོར་ཐེར་ཆེན་བཞི་དང་ཐེར་འབུམ་བཞི་ལས་བརྒལ་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།