མའོ་ལོ་ཀིའི་ཉེན་རྟོག་ཕྱོགས་ཀྱིས་དུག་རྫས་ལྐོག་འཚོང་ཚོགས་པ་ཞིག་རྩད་ཆོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མའོ་ལོ་ཀིའི་རྒྱལ་ཁབ་བདེ་འཇགས་ཅུའུ་ཡིས་ཚེས་ཉེར་བརྒྱད་ཉིན་སྤྱི་སྒྲོག་སྤེལ་ཏེ། རྒྱལ་ཁབ་དེའི་ཉེན་རྟོག་ཕྱོགས་ཀྱིས་ཉེ་སྔོན་དུག་རྫས་ལྐོག་འཚོང་ཚོགས་པ་ཞིག་རྩད་ཆོད་པ་དང་། འགུལ་སྐྱོད་ཐེངས་གཉིས་སྤེལ་སྐབས་དུག་རྫས་ཏུན་བཅུ་གསུམ་ལྷག་རྙེད་ཡོད་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་ལྔ་ཉིན་མའོ་ལོ་ཀིའི་བྱང་ཕྱོགས་ཀྱི་ཀའེ་ནེ་ཐི་ལཱ་གྲོང་ཁྱེར་ནས་དུག་རྫས་ལྐོག་འཚོང་ཚོགས་པ་ཞིག་རྩད་ཆོད་དེ་ཧ་ལམ་དུག་རྫས་ཏུན་དགུ་ཙམ་རྙེད། ཉེན་རྟོག་ཕྱོགས་ཀྱིས་དེའི་རྗེས་སུ་ཁུངས་སྣེ་གཞིར་བཟུང་སྟེ་ཚེས་ཉེར་བརྒྱད་ཉིན་ལྷོ་ཕྱོགས་ཀྱི་ཨ་ཅཱ་ཨར་གྲོང་ཁྱེར་ཉེ་འདབས་ཀྱི་བཟོ་ལས་ར་བ་ཞིག་ནས་ཚོགས་ཁག་དེས་སྦས་སྐོང་བྱས་པའི་དུག་རྫས་ཏུན་ལྔ་ཙམ་རྙེད། དུག་རྫས་ལྐོག་འཚོང་ཚོགས་པ་དེའི་སྔོན་གྱི་འཆར་གཞི་ནི་དུག་རྫས་དེ་དག་ཕྱི་རྒྱལ་དུ་ལྐོག་འཚོང་བྱེད་རྩིས་ཡོད་པ་རེད་ཟེར། 

མའོ་ལོ་ཀིའི་ས་ཁུལ་རེ་འགར་དུག་རྫས་འདེབས་འཛུགས་བྱེད་པའི་གནས་ཚུལ་ཅུང་ཚབས་ཆེ་བ་དང་། དུག་རྫས་མང་ཆེ་བ་ཡོ་རོབ་གླིང་དུ་ལྐོག་འཚོང་བྱེད་བཞིན་ཡོད། འདས་པའི་ལོ་ངོ་བཅུ་ལྷག་གི་རིང་ལ། མའོ་ལོ་ཀིའི་བདེ་འཇགས་སྡེ་ཁག་གིས་དུག་རྫས་ཀྱི་འདེབས་འཛུགས་དང་ཉོ་ཚོང་ལ་ཆམ་ཕབ་གཏོང་བའི་ཤུགས་ཚད་ཇེ་ཆེར་བཏང་བ་དང་། ཉིས་སྟོང་ཉི་ཤུ་ལོ་ཁོ་ནར་དུག་རྫས་ཏུན་ཉིས་བརྒྱ་དང་བཅུ་བདུན་ཙམ་རྩད་ཆོད་ཡོད་པ་རེད། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།