ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་མེ་ནི་ཡཱའི་ཙུང་ལི་ཡིས་ཟླ་བཞི་བར་ལས་ཁུར་དགོངས་ཞུ་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་མེ་ནི་ཡཱའི་ཙུང་ལི་ཕཱ་ཞི་ནེ་དབྱང་གིས་ཚེས་ཉེར་བརྒྱད་ཉིན་ཁྱབ་སྒྲོག་བྱས་དོན། ཟླ་དྲུག་པའི་ནང་སྔ་སྣུར་གྱིས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བའི་ཆེད་དུ། ཁོས་ཟླ་བཞི་བར་དངོས་སུ་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཡིན་ཟེར། 

ཨེ་མེ་ནི་ཡཱའི་གསར་འགྱུར་དྲ་བས་བསྒྲགས་པ་ལྟར་ན། ཕཱ་ཞི་ནེ་དབྱང་གིས་ཉིན་དེར་ཨེ་མེ་ནི་ཡཱའི་ནུབ་ཕྱོགས་ཀྱི་ཨ་ཨར་མཱ་ཝེ་ཨར་དུ་རྟོག་ཞིབ་བྱེད་སྐབས་ཁྱབ་སྒྲོག་བྱས་དོན། ཟླ་དྲུག་པའི་ནང་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བའི་ཆེད་དུ། ཁོས་ཟླ་བཞི་བར་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཡིན་པ་དང་། ཁོས་འདེམ་བསྐོའི་སྔོན་ལ་ལྟ་སྐྱོང་ཙུང་ལིའི་འགན་འཁྲི་ལག་བསྟར་བྱེད་རྒྱུ་ཡིན་ཟེར། 

ཕཱ་ཞི་ནེ་དབྱང་གིས་ཚེས་བཅོ་བརྒྱད་ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། སྔ་སྣུར་གྱིས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བ་ནི་མིག་སྔའི་ཨེ་མེ་ནི་ཡཱའི་ཆབ་སྲིད་དཀའ་གནད་ཐག་གཅོད་བྱེད་པའི་བྱེད་ཐབས་ཆེས་བཟང་བོ་ཡིན་པ་དང་། ཨེ་མེ་ནི་ཡཱ་ཡིས་ད་ལོའི་ཟླ་དྲུག་པར་སྔ་སྣུར་གྱིས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཡིན་ཟེར། 

ད་ལོའི་ཟླ་གཉིས་པའི་ཚེས་ཉེར་ལྔ་ཉིན། ཨེ་མེ་ནི་ཡཱའི་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ཨེ་མེ་ནི་ཡཱའི་སྲིད་འཛིན་ནུས་པ་ཉམས་པ་དང་ནོར་འཆུག་གི་ཕྱི་འབྲེལ་སྲིད་ཇུས་ཀྱིས་རྒྱལ་ཁབ་ཆགས་འཇིག་གི་གནས་སུ་ལྷུང་བར་བྱས་ཡོད་པས། ཕཱ་ཞི་ནེ་དབྱང་དང་དེའི་ནེ་ཀི་ཡིས་ལས་ཁུར་དགོངས་ཞུ་བྱེད་དགོས་པའི་རེ་བ་བཏོན། ཕཱ་ནེ་ཞི་དབྱང་གིས་སྲིད་འགྱུར་གྱི་ཇུས་ངན་རྒྱུ་མཚན་དུ་བྱས་ཏེ། སྤྱི་ཁྱབ་ཇུས་འདོན་དཔོན་པོ་ཅཱ་སི་ཕཱ་ལིང་གི་ལས་འགན་བླངས་པ་དང་འབྲེལ་ཡོད་གྲོས་གཞི་ཙུང་ཐུང་སཱ་ཨར་ཅི་ཞང་ལ་སྤྲད། ཙུང་ཐུང་གིས་གྲོས་གཞི་དེ་བཀོད་མེད་ཀྱང་ཙུང་ལིའི་བཞུགས་ཤག་གིས་ཟླ་གསུམ་པའི་ཚེས་བཅུ་ཉིན་གསལ་སྒྲོག་སྤེལ་ཏེ་ཅཱ་སི་ཕཱ་ལིང་གི་ལས་འགན་ཁྲིམས་ལྟར་བླངས་པ་ཁྱབ་སྒྲོག་བྱས། 

ཨེ་མེ་ནི་ཡཱི་གྲོས་ཁང་གི་འགན་ཡུན་ལོ་ལྔ་ཡིན་པ་དང་། ཨེ་མེ་ནི་ཡཱའི་གྲོས་ཁང་གི་ཐེངས་སྔོན་མའི་འདེམ་བསྐོའི་བྱ་འགུལ་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཉིས་པར་སྤེལ་བ་ཡིན་ལ། ཕཱ་ཞི་ནེ་དབྱང་གིས་མགོ་ཁྲིད་པའི་ཏང་ཁག་མནའ་འབྲེལ་ལ་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།