ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྫུན་བཟོ་བྱེད་པ་སོགས་ནག་ཉེས་བྱ་སྤྱོད་ལ་དོགས་ཟོན་བྱེད་དགོས་པའི་སྐུལ་མ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་དྲུག་ཉིན་བསྟན་དོན། མིག་སྔར་འཛམ་གླིང་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་མཁོ་འདོན་ལས་དགོས་མཁོ་བསྐང་ཐུབ་ཀྱིན་མེད་སྟབས། འགོག་སྨན་རྫུན་བཟོ་བྱེད་པ་སོགས་ནག་ཉེས་བྱ་སྤྱོད་འབྱུང་བཞིན་ཡོད་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་དོན་དེར་སེམས་ཁུར་བྱེད་བཞིན་ཡོད་པར་མ་ཟད། མི་ཚང་མས་སྲིད་གཞུང་གཙོ་བྱས་པའི་འགོག་སྨན་བརྒྱག་པའི་འཆར་གཞིར་མི་གཏོགས་པའི་འགོག་སྨན་ཉོ་མི་རུང་བའི་སྐུལ་མ་བཏང་། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཉེ་བའི་དུས་སྐབས་སུ་རྒྱལ་ཁབ་རེ་འགའི་འཕྲོད་བསྟེན་པུའུ་དང་ལྟ་རྟོག་དོ་དམ་ལས་ཁུངས། སྤྱི་བའི་ཉོ་སྒྲུབ་རྩ་འཛུགས་བཅས་ལ་དོགས་ཡོད་ཀྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་མཁོ་འདོན་གྲོས་གཞི་འབྱོར་ཡོད་པ་དང་། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རེ་འགའ་ཡན་གར་གྱེས་རྗེས་ཡང་བསྐྱར་མཁོ་འདོན་མུ་རྒྱུན་དུ་ཞུགས་ཡོད་ཀྱང་། འགོག་སྨན་དེ་དག་གིས་བརྒྱུད་རིམ་ཧྲིལ་བོའི་འཁྱག་ལྡན་སྐྱེལ་འདྲེན་དང་གསོག་ཉར་ལ་འགན་སྲུང་བྱེད་ཐབས་མེད། དེ་ལས་གཞན་མཉམ་འབྲེལ་དྲ་རྒྱ་དང་ཁྱད་པར་དུ་ལྐོག་ཡིབ་དྲ་རྒྱའི་སྟེང་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྫུན་མ་ཕྱིར་འཚོང་བྱེད་པའི་བྱ་སྤྱོད་ཡོད་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འགོག་སྨན་དམ་བུ་བེད་སྤྱད་ནས་ཡང་བསྐྱར་འགོག་སྨན་རྫུན་མ་བཟོ་བའི་གནས་ཚུལ་བསྒྲགས་ཡོད་པ་ཤེས་ཡོད་ཟེར། 

ཐན་ཏི་སེ་ཡིས་འབྲེལ་ཡོད་ལས་ཁུངས་ཀྱིས་བེད་སྤྱོད་བྱས་ཟིན་པའི་འགོག་སྨན་དམ་བུ་ཐག་གཅོད་གང་ལེགས་བྱས་ཏེ། ནག་ཉེས་ཚོགས་ཁག་གིས་བེད་སྤྱོད་བྱེད་པར་སྔོན་འགོག་བྱེད་དགོས་པ་དང་། མི་ཚང་མས་རྒྱལ་ཁབ་འབྲེལ་ཡོད་སྡེ་ཁག་ལ་དོགས་གཞི་ཡོད་པའི་འགོག་སྨན་ཕྱིར་འཚོང་གི་གནས་ཚུལ་སྙན་ཞུ་བྱེད་དགོས་པ་དང་། རྒྱལ་ཁབ་སོ་སོས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་སྙན་ཞུ་བྱེད་དགོས་པའི་སྐུལ་མ་བཏང་། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བཤད་རྒྱུར། རྫུན་བཟོ་བྱས་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་དེས་འཛམ་གླིང་ཡོངས་ཀྱི་སྤྱི་བའི་འཕྲོད་བསྟེན་ལ་ཉེན་ཁ་ཆེན་པོ་བཟོས་ཡོད་པ་དང་། ཉམས་ཞན་མི་ཚོགས་དང་འཕྲོད་བསྟེན་མ་ལག་གི་ཁུར་བོ་ཇེ་ལྗིད་དུ་བཏང་ཡོད་པས། ཚོང་རར་ཁྱབ་པའི་འགོག་སྨན་རྫུན་མ་དེ་དག་ངོས་བཟུང་ནས་གཙང་སེལ་བྱེད་རྒྱུ་ནི་གལ་འགངས་ཆེ་བའི་དོན་ཞིག་རེད་ཟེར། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།