ཀྲུང་གོ་བོད་ཀྱི་དྲ་བ།

ཧྥེ་ལེ་པེན་གྱི་རྒྱལ་ས་སོགས་སུ་པྲོག་གསར་གློ་ཚད་རིམས་ནད་ཡང་བསྐྱར་ཚབས་ཆེན་དུ་གྱུར་བས་བཀག་སྡོམ་བྱེད་ཐབས་སྔར་ལས་ནན་མོ་སྤྱད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥེ་ལེ་པེན་ཙུང་ཐུང་གི་མགྲིན་ཚབ་པ་ལོ་ཁི་ཡིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། རྒྱལ་ས་མཱ་ནེ་ལཱ་དང་ཉེ་འདབས་ཀྱི་ཞིང་ཆེན་བཞི་རུ་བཀག་སྡོམ་བྱེད་ཐབས་སྔར་ལས་ནན་མོ་ལག་བསྟར་བྱས་ཏེ། པྲོག་གསར་གློ་ཚད་རིམས་ནད་ཡང་བསྐྱར་ཚབས་ཆེན་དུ་འགྱུར་བར་སྔོན་འགོག་བྱས་ཟེར། 

ལོ་ཁི་ཡིས་བཤད་རྒྱུར། ཙུང་ཐུང་ཏུའུ་ཐི་ཨར་ཐི་ཡིས་རིམས་འགོག་བྱ་བའི་ཚན་ཆུང་གི་གྲོས་གཞི་དང་ལེན་བྱས་ནས། མཱ་ནེ་ལཱ་ས་ཁུལ་དང་ཉེ་འདབས་ཀྱི་པུའུ་ལཱ་ཀན་དང་། ལེ་ཁྲ། ཅཱ་མུས་ཏིས། ནེ་ཧུའུ་བཅས་ཞིང་ཆེན་བཞི་རུ་སྔར་ལས་གཟབ་ནན་གྱི་ཁ་ཁར་དགར་བའི་བྱེད་ཐབས་སྤྱོད་པར་ཡིད་འཐད་བྱུང་བ་དང་། ཡུན་ཚད་ནི་ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན་ནས་ཟླ་བཞི་བའི་ཚེས་བཞི་ཉིན་ཡིན་ཟེར། 

སྐབས་ཐོག་དེར་ས་ཁུལ་རེ་འགར་དགོས་ངེས་ཀྱི་ཚོང་གཉེར་སོར་འཇོག་བྱས་ཏེ། དགོས་ངེས་ཀྱི་ཞབས་ཞུ་དང་འཚོ་བའི་རྒྱུན་མཁོའི་དངོས་རྫས་ཉོ་ཚོང་བྱེད་པ་ལས་གཞན། མི་གཞན་པ་ཕྱི་རུ་སོང་མི་ཆོག དེ་ལས་གཞན་ས་ཁུལ་དེར་ཉིན་རེའི་དགོང་མོའི་དུས་ཚོད་དྲུག་ནས་ཕྱི་ཉིན་ཞོགས་པའི་དུས་ཚོད་ལྟའི་བར་མཚན་མགྲོན་འགོག་རྒྱུ་རེད། 

ཧྥེ་ལེ་པེན་འཕྲོད་བསྟེན་སྡེ་ཁག་གིས་བལྟས་ན། རིམས་ནད་ཡང་བསྐྱར་ཚབས་ཆེན་དུ་འགྱུར་བའི་རྒྱུ་རྐྱེན་ལ་མང་ཚོགས་རེ་འགས་སྲིད་གཞུང་གི་རིམས་འགོག་གཏན་འཁེལ་བརྩི་སྲུང་མི་བྱེད་པ་འདུས་པ་ལས་གཞན། ཧྥེ་ལེ་པེན་དུ་གཤིས་འགྱུར་པྲོག་གསར་ནད་དུག་རིགས་འགའ་རྙེད་ཡོད་ལ། རིམས་ནད་ཀྱི་འཕེལ་ཕྱོགས་སྔར་ལས་རྙོག་འཛིང་དུ་གྱུར་ཡོད་པར་འདོད། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།