ནེའུ་ཙེ་ལན་གྱི་ཨོ་ཁི་ལན་ནས་འདུ་ཚོགས་བསྡུས་ཏེ་ཨེ་ཤ་ཡཱའི་རིགས་རྒྱུད་ལ་དམིགས་པའི་མཐོང་ཆུང་དང་འཁོན་འཛིན་གྱི་བྱ་སྤྱོད་ལ་ངོ་རྒོལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། ནེའུ་ཙེ་ལན་གྱི་ཆེས་ཆེ་བའི་གྲོང་ཁྱེར་ཨོ་ཁི་ལན་ནས་ཚེས་ཉེར་བདུན་ཉིན་འདུ་ཚོགས་ཁྲོམ་སྐོར་བྱ་འགུལ་སྤེལ་ཏེ། ཨེ་ཤ་ཡཱའི་རིགས་རྒྱུད་ལ་དམིགས་པའི་མཐོང་ཆུང་དང་འཁོན་འཛིན་གྱི་བྱ་སྤྱོད་ལ་ངོ་རྒོལ་བྱས། 

ཉིན་དེར་འདུ་ཚོགས་བྱ་འགུལ་དེ་ཨོ་ཁི་ལན་གྲོང་ཁྱེར་ལྟེ་གནས་ཀྱི་ཨོ་ཐི་ཡཱ་ཐང་ཆེན་ནས་སྤེལ་བ་དང་། དེའི་རྗེས་སུ་གྲོང་ཁྱེར་ལྟེ་གནས་ཀྱི་རྒྱལ་བཙུན་སྲང་ལམ་ཆེན་མོ་བརྒྱུད་དེ་ཁྲོམ་སྐོར་བྱས། ཁོ་ཚོས་ཨེ་ཤ་ཡཱའི་རིགས་རྒྱུད་ལ་འཁོན་འཛིན་བྱེད་མཚམས་འཇོག་དགོས་ཞེས་པའི་འཕྲེད་བྱང་མཐོན་པོར་བཏེགས་ནས། ཨེ་ཤ་ཡཱའི་རིགས་རྒྱུད་ལ་དམིགས་པའི་མཐོང་ཆུང་ལ་ངོ་རྒོལ་བྱེད་པའི་ཁ་གཡང་མཐོན་པོར་བསྒྲགས། བྱ་འགུལ་རྩ་འཛུགས་མཁན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཉིན་དེར་མི་སྟོང་གཅིག་ལྷག་བྱ་འགུལ་དེར་ཞུགས་ཡོད་ཟེར། 

འདུ་ཚོགས་སྤེལ་སྐབས། རྩ་འཛུགས་མཁན་དང་ཟབ་ཞུགས་མཁན་གྱིས་ལང་ལོང་སྒོས་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁར་བྱུང་བའི་མེ་མདས་བརྒྱབ་པའི་དོན་རྐྱེན་ལ་རྒོལ་གཏམ་བཏང་བ་དང་། འཛམ་གླིང་ཡོངས་ཀྱི་ཨེ་ཤ་ཡཱའི་རིགས་རྒྱུད་ལ་མཐོང་ཆུང་བྱེད་པར་རྒོལ་བྱེད་པར་རྒྱབ་སྐྱོར་བྱས་པར་མ་ཟད། ནེའུ་ཙེ་ལན་རྒྱལ་ནང་དུ་ཨེ་ཤ་ཡཱའི་རིགས་རྒྱུད་ལ་མཐོང་ཆུང་དང་འཁོན་འཛིན་བྱེད་པའི་བྱ་སྤྱོད་བྱུང་བར་ངོ་རྒོལ་བྱེད་རྒྱུའི་ཚུལ་བསྟན། 

བྱ་འགུལ་སྤེལ་མཁན་སི་ཐི་ཧྥུའུ་ཁྲིན་གྱིས་འདུ་ཚོགས་སྟེང་བཤད་རྒྱུར། ཨ་མེ་རི་ཁ་ནས་ཨེ་ཤ་ཡཱའི་རིགས་རྒྱུད་ལ་འཁོན་འཛིན་བྱེད་པའི་སྣང་ཚུལ་མཐོང་བ་དང་། ནེའུ་ཙེ་ལན་གྱི་ཨེ་ཤ་ཡཱའི་རིགས་རྒྱུད་ལའང་གཅིག་མཐུན་གྱི་མྱོང་ཚོར་ཡོད། མོས་བསྟན་དོན། ནེའུ་ཙེ་ལན་གྱི་སྤྱི་ཚོགས་སུའང་ཨེ་ཤ་ཡཱའི་རིགས་རྒྱུད་ལ་འཁོན་འཛིན་དང་མཐོང་ཆུང་བྱེད་པའི་བྱ་སྤྱོད་ཡོད་པས། མི་རྣམས་ཀྱིས་དོན་དེར་གདོང་གཏད་ནས་གནད་དོན་དེ་ཐག་གཅོད་བྱེད་དགོས་ཟེར། 

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།