ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྲོས་ཁང་གི་འདེམ་བསྐོའི་ཁྲོད་ཕྱོགས་ཁག་གང་ལའང་ནང་སྲིད་ཁང་འཛུགས་པར་མཁོ་བའི་གོ་གནས་ཐོབ་མེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་ཀྲུང་དབྱང་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། དབྱི་སི་རལ་གྱི་གྲོས་ཁང་གི་འདེམས་བསྐོ་སྐབས་ཉེར་བཞི་པའི་འདེམས་ཤོག་སྡོམ་རྩིས་ཀྱི་གྲངས་ཀ་ལྟར་ན། ཕྱོགས་ཁག་གང་ལའང་ནང་སྲིད་ཁང་འཛུགས་པར་མཁོ་བའི་གོ་གནས་དྲུག་ཅུ་རེ་གཅིག་པོ་ཐོབ་མེད་ཟེར།

འདེམས་ཤོག་སྡོམ་རྩིས་ཀྱི་མཇུག་འབྲས་ལྟར་ན། ད་ལྟའི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་མགོ་ཁྲིད་པའི་གཡས་རུ་སྲིད་ཏང་ལེ་ཁུའུ་ཏི་སྡེ་ཚོགས་ལ་གྲོས་ཁང་གི་གོ་གནས་བརྒྱ་ཉི་ཤུའི་ཁྲོད་ཀྱི་གོ་གནས་སུམ་ཅུ་ཐོབ་ནས་ཨང་དང་པོར་གྱུར་པ་དང་། སྔོན་ཆད་ཀྱི་ནོར་སྲིད་པུའུ་ཀྲང་ཡ་དབྱི་ཨར་ལ་ཕིས་ཏི་ཡིས་མགོ་ཁྲིད་པའི་གཡོན་དབུས་སྲིད་ཏང་མ་འོངས་དབང་སྒྱུར་ཏང་ལ་གོ་གནས་བཅུ་བདུན་ཐོབ། ཆོས་ལུགས་སྲིད་ཏང་ཧྲ་སི་ཏང་ལ་གོ་གནས་དགུ་ཐོབ་པ་དང་། དཀར་སྔོན་ཏང་ལ་གོ་གནས་བརྒྱད་ཐོབ་ཟེར།

ཕྱོགས་ཁག་གི་ཆ་ནས་བལྟས་ན་ལེ་ཁུའུ་ཏི་སྡེ་ཚོགས་དང་ཆོས་ལུགས་སྲིད་ཏང་གསུམ་གྱིས་གྲུབ་པའི་ནེ་ཐ་ཉི་ཡ་ཧུའུ་ཡི་ཕྱོགས་ཁག་ལ་གོ་གནས་ལྔ་བཅུ་ང་གཉིས་ཐོབ་པ་དང་། མ་འོངས་དབང་སྒྱུར་ཏང་དང་དཀར་སྔོན་ཏང་སོགས་ཀྱིས་གྲུབ་པའི་ནེ་ཐ་ཉི་ཡ་ཧུའུ་ལ་རྒོལ་བའི་ཕྱོགས་ཁག་ལ་གོ་གནས་ལྔ་བཅུ་ང་བདུན་ཐོབ། ཕྱོགས་ཁག་གཉིས་ཀར་ནང་སྲིད་ཁང་འཛུགས་པར་མཁོ་བའི་གོ་གནས་དྲུག་ཅུ་རེ་གཅིག་པོ་ཐོབ་མེད།

དབྱི་སི་རལ་གྱི་འབྲེལ་ཡོད་བཅའ་ཁྲིམས་གཏན་ཁེལ་ལྟར་ན། གྲོས་ཁང་འདེམས་བསྐོའི་ཆེས་མཇུག་མཐའི་མཇུག་འབྲས་དེ་ཚེས་སོ་གཅིག་ཉིན་དབྱི་སི་རལ་གྱི་ཙུང་ལི་ལེ་ཧྥུའུ་ལིན་ལ་སྤྲོད་རྒྱུ་ཡིན་པ་དང་། ཙུང་ལི་ལེ་ཧྥུའུ་ལིན་གྱིས་ཉིན་བདུན་གྱི་གྲོས་མོལ་དུས་ཚོད་ལོངས་རྗེས་ནང་སྲིད་ཁང་འཛུགས་པའི་དབང་ཆ་ཐོབ་པའི་གདམ་མི་ཁྱབ་སྒྲོག་བྱེད་རྒྱུ་རེད།

དབྱི་སི་རལ་གྱི་གསར་འགྱུར་ལས་ཁུངས་ཀྱིས་དབྱེ་ཞིབ་བྱས་ཏེ་བཤད་རྒྱུར། སྐབས་གསར་པའི་སྲིད་གཞུང་འཛུགས་པའི་ལམ་ད་དུང་གསལ་བོ་ཞིག་མ་རེད་ཟེར།

དབྱི་སི་རལ་གྱི་གྲོས་ཁང་འདེམས་བསྐོ་སྐབས་ཉེར་བཞི་པ་ཚེས་ཉེར་གསུམ་ཉིན་བསྡུས་པ་དང་། བསྡོམས་པས་སྲིད་ཏང་དང་ཏང་ཁག་སོ་བརྒྱད་ཀྱིས་གྲོས་ཁང་གི་གོ་གནས་བརྒྱ་དང་ཉི་ཤུ་བརྩད། དེ་ནི་དབྱི་སི་རལ་གྱིས་ལོ་གཉིས་ཀྱི་རིང་ལ་བསྡུས་པའི་གྲོས་ཁང་གི་འདེམས་བསྐོ་ཐེངས་བཞི་པ་རེད། དབྱི་སི་རལ་གྲོས་ཁང་གིས་གྲོས་ཁང་གཅིག་གི་ལམ་ལུགས་ལག་བསྟར་བྱེད་བཞིན་ཡོད་ལ། བཅའ་ཁྲིམས་ཀྱི་གཏན་ཁེལ་ལྟར་ན། གྲོས་ཁང་གི་གོ་གནས་ཕྱེད་ཀའི་ཡན་ཐོབ་པའི་སྲིད་ཏང་གིས་ད་གཟོད་གཅིག་པུས་ནང་སྲིད་ཁང་བཙུགས་ཆོག ཏང་ཁག་ཆུང་འབྲིང་མང་དྲགས་པས། དབྱི་སི་རལ་གྱི་ལོ་རྒྱུས་སྟེང་སྲིད་ཏང་གཅིག་གིས་ནང་སྲིད་བཙུགས་པའི་གནས་ཚུལ་བྱུང་མ་མྱོང་།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།