ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱིས་བདེ་ཐང་གི་ཡོ་རོབ་གླིང་ཞེས་པའི་འཆར་གཞི་དངོས་སུ་ལག་བསྟར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་དྲུག་ཉིན་བསྒྲགས་རྒྱུར། ཉིས་སྟོང་ཉེར་གཅིག་ལོ་ནས་ཉིས་སྟོང་ཉེར་བདུན་ལོའི་བར་གྱི་བདེ་ཐང་གི་ཡོ་རོབ་གླིང་མནའ་འབྲེལ་ཞེས་པའི་འཆར་གཞི་དེ་ཉིན་དེ་ནས་བཟུང་དངོས་སུ་ལག་བསྟར་བྱས་པ་དང་། དེའི་དམིགས་ཡུལ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱིས་མ་འོངས་པའི་འཕྲོད་བསྟེན་ཉེན་ཚབས་ལ་ཕན་ནུས་ལྡན་པར་ཁ་གཏད་འཇལ་བའི་ནུས་པ་ཇེ་ཆེར་གཏོང་རྒྱུ་དེ་ཡིན་ཟེར།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་གསལ་བསྒྲགས་ཤིག་གི་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་འཆར་གཞི་དེའི་ཐད་ལ་ཡོ་སྒོར་ཐེར་འབུམ་ལྔ་དང་དུང་ཕྱུར་གཅིག་སྟེར་རྒྱུའི་ནོར་སྲིད་སྔོན་རྩིས་བཀོད་ཡོད་ལ། དེ་པྲོག་གསར་གློ་ཚད་རིམས་ནད་ཀྱི་རྗེས་སུ་འཕྲོད་བསྟེན་མ་ལག་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁོངས་བརྒལ་བའི་བདེ་ཐང་གི་འཇིགས་སྣང་དང་མ་འོངས་འཕྲོད་བསྟེན་ཉེན་ཚབས་ལ་ཕན་ནུས་ལྡན་པར་ཁ་གཏད་འཇལ་བའི་ནུས་པ་ཇེ་ཆེར་བཏང་ནས། མི་གྲངས་ཀྱི་བདེ་ཐང་ལ་ཡར་སྐུལ་བྱེད་པར་ཕན་པ་ཡོད་ཟེར།

གསལ་བསྒྲགས་དེ་ལྟར་ན་བདེ་ཐང་གི་ཡོ་རོབ་གླིང་མནའ་འབྲེལ་འཆར་གཞི་མཛུབ་སྟོན་ཚན་ཆུང་གིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ལ་གྲོས་མོལ་བྱས་རྗེས་ཉིས་སྟོང་ཉེར་གཅིག་ལོའི་བྱ་བའི་ཇུས་གཞི་ཐོག་མ་དེ་བཏོན་པ་ཡིན་ལ། བདེ་ཐང་གི་ཡོ་རོབ་གླིང་ཞེས་པའི་འཆར་གཞི་དེ་ལག་བསྟར་བྱེད་པར་གསར་དུ་བཙུགས་པའི་བདེ་ཐང་དང་གྲངས་ཀ་ལག་བསྟར་ལས་ཁུངས་ཀྱིས་འགན་ཁུར་རྒྱུ་ཡིན་པ་དང་། ལས་ཁུངས་དེས་ཟླ་བཞི་པའི་ཚེས་གཅིག་ཉིན་ནས་བཟུང་བྱ་བ་བསྒྲུབ་མགོ་རྩོམ་རྒྱུ་རེད།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་འཕྲོད་བསྟེན་དང་ཟས་རིགས་བདེ་འཇགས་ལས་དོན་གྱི་འགན་ཁུར་བའི་ཨུ་ཡོན་ཅི་ལེ་ཡ་ཅི་ཅི་སི་ཡིས་བཤད་རྒྱུར། བདེ་ཐང་གི་ཡོ་རོབ་གླིང་མནའ་འབྲེལ་ཞེས་པའི་འཆར་གཞི་དེས་ཡོ་རོབ་གླིང་མནའ་འབྲེལ་གྱི་སྤྱི་ཐུན་འཕྲོད་བསྟེན་ཁྱབ་ཁོངས་ལ་ཡུན་རིང་རང་བཞིན་གྱི་བསྒྱུར་བཅོས་བྱེད་པར་ཐབས་ལམ་འདོན་སྤྲོད་བྱས་པ་དང་། གཞི་ཁྱོན་སྔ་ན་མེད་པའི་ནོར་སྲིད་སྔོན་རྩིས་བརྒྱུད་དེ་ཁ་གཏད་རང་བཞིན་ལྡན་པའི་མ་དངུལ་གཏོང་བར་བརྟེན་ནས་ཉེན་ཚབས་ཐད་གྲ་སྒྲིག་བྱེད་པར་ཤུགས་བསྣན་ཏེ། སྔར་ལས་སྟོབས་ཆེ་ཞིང་སྔར་ལས་ཕན་ནུས་ཆེ་བའི་འཕྲོད་བསྟེན་མ་ལག་འཛུགས་ཐུབ་ཟེར།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ན་ནིང་གི་ཟླ་ལྔ་པར་ཉིས་སྟོང་ཉེར་གཅིག་ལོ་ནས་ཉིས་སྟོང་ཉེར་བདུན་ལོའི་བར་གྱི་བདེ་ཐང་གི་ཡོ་རོབ་གླིང་མནའ་འབྲེལ་ཞེས་པའི་འཆར་གཞི་བཏོན་པ་དང་། དེའི་དམིགས་ཡུལ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དང་། འཕྲོད་བསྟེན་རྩ་འཛུགས། སྲིད་གཞུང་ལས་གཞན་པའི་རྩ་འཛུགས་སོགས་ལ་མ་དངུལ་གྱིས་རྒྱབ་སྐྱོར་བྱས་ཏེ། འཕྲོད་བསྟེན་ཁྱབ་ཁོངས་ཀྱི་འཇིགས་སྣང་སྣ་ཚོགས་ལ་ཁ་གཏད་འཇལ་བའི་ནུས་པ་ཇེ་མཐོར་གཏོང་རྒྱུ་དེ་རེད། འཆར་གཞི་དེ་ལ་ཟླ་འདིའི་ཚེས་དགུ་ཉིན་ཡོ་རོབ་གླིང་གྲོས་ཁང་གི་ཚོགས་འདུའི་སྟེང་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་དང་། ཚེས་བཅུ་བདུན་ཉིན་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཆོག་མཆན་ཐོབ་པ་རེད།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།