ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོ་དང་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་སོགས་ཀྱི་ཐད་ནས་བསམ་འཆར་བརྗེ་རེས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧན་གོའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཀྲིན་དབྱེ་རོང་གིས་ཚེས་ཉེར་ལྔ་ཉིན་ཧྲིག་ཨར་ནས་འཚམས་འདྲིར་ཡོང་བའི་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཕྱིན་ཆད་མུ་མཐུད་དུ་རིམ་པ་སོ་སོའི་བར་གྱི་འབྲེལ་འདྲིས་དང་མཉམ་ལས་ཟབ་མོ་སྲུང་འཛིན་བྱས་ཏེ། ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེའི་འཕེལ་རིམ་ལ་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས་ཟེར། 

ཧན་གོའི་ཕྱི་འབྲེལ་པུའུ་ཡི་ཉིན་དེར་སྤེལ་བའི་གནས་ཚུལ་ལྟར་ན། ཀྲིན་དབྱེ་རོང་དང་ལཱ་ཧྥུའུ་ལོ་ཧྥུའུ་གཉིས་ཀྱིས་ཧན་གོ་དང་ཨུ་རུ་སིའི་འབྲེལ་བའི་འཕེལ་རྒྱས་དང་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་སོགས་གནད་དོན་ཐད་ནས་གྲོས་བསྡུར་ཞིབ་ཏུ་བྱས་ཟེར། 

གྲོས་མོལ་བྱེད་སྐབས། ཧན་གོའི་ཕྱོགས་ཀྱིས་ཨུ་རུ་སི་ཡིས་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བ་དང་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་པའི་ཐད་བཏོན་པའི་གྲོས་གཞི་སྣ་ཚོགས་ལ་ཁས་ལེན་བྱས་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་ཧན་གོ་དང་ཁྲའོ་ཞན་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་དང་ཕྱེད་གླིང་གི་ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱས་པར་ཁས་ལེན་གང་ལེགས་བྱས་པར་མ་ཟད། ཨུ་རུ་སིའི་ཕྱོགས་ཀྱིས་ཕྱིན་ཆད་མུ་མཐུད་དུ་འཛུགས་སྐྲུན་རང་བཞིན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་རྒྱུའི་རེ་བ་བཏོན། 

ཕྱོགས་གཉིས་ཀྱིས་གཅིག་གྱུར་སྒོས་བལྟས་ན། མཐུན་སྒྲིལ་མཉམ་ལས་ནི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་འདི་ཁྱད་བསལ་བྱེད་པའི་བརྒྱུད་རིམ་ཁྲོད་གལ་འགངས་ཧ་ཅང་ཆེ་བར་འདོད། ཕྱོགས་གཉིས་ཀྱིས་ཧན་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་བར་གྱི་རིམས་འགོག་འཕྲོད་བསྟེན་མཉམ་ལས་རྒྱ་བསྐྱེད་རྒྱུ་ཐག་བཅད་པ་དང་། རིམས་ནད་གཏན་འཇགས་སུ་སོང་རྗེས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཧན་གོར་འཚམས་འདྲི་བྱེད་པར་སྔ་མོ་ནས་སྐུལ་འདེད་གཏོང་རྒྱུའི་གྲོས་ཐག་བཅད། 

ཚེས་ཉེར་བཞི་ཉིན་ཀྲིན་དབྱེ་རོང་དང་ལཱ་ཧྥུའུ་ལོ་ཧྥུའུ་གཉིས་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་པུའུ་ཡིས་ཧྲིག་ཨར་ནས་སྤེལ་བའི་ཧན་གོ་དང་ཨུ་རུ་སིའི་བརྗེ་རེས་ལོའི་བྱ་འགུལ་མགོ་རྩོམ་པའི་མཛད་སྒོར་ཞུགས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།