ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་གྱིས་དམག་གཟིགས་མཛད་སྒོ་སྤེལ་ནས་ཕཱ་ཁི་སི་ཐན་ཉིན་མོར་དགའ་སྟོན་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ཁི་སི་ཐན་གྱིས་ཚེས་ཉེར་ལྔ་ཉིན་དབྱི་སི་ལན་པའོ་ནས་དམག་གཟིགས་མཛད་སྒོ་རྒྱ་ཆེན་སྤེལ་ཏེ། རྒྱལ་ཁབ་དེའི་ཕཱ་ཁི་སི་ཐན་ཉིན་མོ་ཐེངས་གྱ་གཅིག་པར་དགའ་སྟོན་རྟེན་འབྲེལ་ཞུས། 

ཕཱ་ཁི་སི་ཐན་གྱི་ཙུང་ཐུང་ཨ་ཨར་ཝེ་དང་རྒྱལ་སྲུང་བློན་ཆེན་ཧཱ་ཐཱ་ཁི། ཇུས་འདོན་དཔོན་པོའི་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལཱ་ཀྲ། སྐམ་དམག་གི་ཇུས་འདོན་དཔོན་པོ་པཱ་ཅེ་ཝ་སོགས་དམག་གཟིགས་མཛད་སྒོར་ཞུགས་པ་དང་། མང་ཚོགས་ཁྲི་སྟོང་མང་བོ་ཡུལ་དངོས་ནས་ལྟད་མོར་བལྟས། 

ཨ་ཨར་ཝེ་ཡིས་དམག་གཟིགས་མཛད་སྒོའི་སྟེང་བསྟན་དོན། ཕཱ་ཁི་སི་ཐན་ལ་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱེད་པའི་ནུས་པ་ཡོད་པ་དང་། རིན་དོད་ལ་མི་འཛེམ་པར་རྒྱལ་ཁབ་རང་བཙན་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན། ཞི་བདེ་མཉམ་གནས་ནི་ཕཱ་ཁི་སི་ཐན་གྱི་ཕྱི་འབྲེལ་སྲིད་ཇུས་ཀྱི་རྨང་རྡོ་ཡིན་ཞིང་། ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས། འཕེལ་རྒྱས་བཅས་ནི་ཕཱ་ཁི་སི་ཐན་གྱི་རེ་སྒུག་ཡིན་ལ། ཕཱ་ཁི་སི་ཐན་གྱིས་ཀྱང་ནམ་རྒྱུན་དོན་དེར་འབད་འབུངས་བྱེད་བཞིན་ཡོད་ཟེར། 

ཉིན་དེའི་དམག་གཟིགས་མཛད་སྒོའི་སྟེང་། ཕཱ་ཁི་སི་ཐན་གྱི་རིགས་སྣ་ཚོགས་ཀྱི་དམག་དཔུང་གིས་རེ་རེ་བཞིན་དུ་འཁྲབ་སྟོན་བྱས། ཕཱ་ཁི་སི་ཐན་དམག་དཔུང་གི་ཆེས་སྔོན་ཐོན་གྱི་ཐན་ཁི་འཁོར་ལོ་དང་འཁྲབ་ལྡན་འཁོར་ལོ། འཕུར་མདའ། གནམ་གྲུ་སོགས་མཚོན་ཆ་དང་སྒྲིག་ཆས་སྣ་ཚོགས་ཀྱང་དམག་གཟིགས་མཛད་སྒོའི་སྟེང་ཀུན་གྱི་མིག་སྔར་བསྟར། 

ཐེངས་འདིའི་དམག་གཟིགས་མཛད་སྒོ་དེ་ཟླ་གསུམ་པའི་ཚེས་ཉེར་གསུམ་ཉིན་ཏེ་ཕཱ་ཁི་སི་ཐན་ཉིན་མོར་སྤེལ་རྒྱུ་གཏན་འཁེལ་བྱས་ཡོད་ཀྱང་། ནམ་ཟླའི་ཤུགས་རྐྱེན་དབང་གིས་ཚེས་ཉེར་ལྔར་རྗེས་སུ་སྣུར་བ་རེད། ན་ནིང་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ལས་ཕཱ་ཁི་སི་ཐན་གྱིས་ཕཱ་ཁི་སི་ཐན་ཉིན་མོའི་དམག་གཟིགས་མཛད་སྒོའི་བྱ་འགུལ་རྩིས་མེད་དུ་བཏང་བ་རེད། 

གཅིག་སྟོང་དགུ་བརྒྱ་བཞི་བཅུ་ལོའི་ཟླ་གསུམ་པའི་ཚེས་ཉེར་གསུམ་ཉིན། མུའུ་སི་ལིན་མནའ་འབྲེལ་གྱིས་ལཱ་ཧི་ཨར་ནས་ཕཱ་ཁི་སི་ཐན་འཛུགས་པའི་གྲོས་ཆོད་ལ་གྲོས་མཐུན་བཀོད་པ་དང་། ལཱ་ཧི་ཨར་གྱི་གྲོས་ཆོད་དེར་རྗེས་དྲན་བྱེད་ཆེད། ཕཱ་ཁི་སི་ཐན་སྲིད་གཞུང་གིས་ལོ་རེའི་ཟླ་གསུམ་པའི་ཚེས་ཉེར་གསུམ་ཉིན་དེ་ཕཱ་ཁི་སི་ཐན་ཉིན་མོར་གཏན་འཁེལ་བྱས་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།