ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲིར་ནུབ་ཕྱོགས་ཀྱི་སྡེ་བ་གསུམ་དུ་འཇབ་རྒོལ་ཐེབས་ནས་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་ཀྲིར་བདེ་འཇགས་སྡེ་ཁག་གིས་ཚེས་ཉེར་ལྔ་ཉིན་བསྒྲགས་པ་ལྟར་ན། དྲག་ཆས་ཉེས་ཅན་སྐོར་ཞིག་གིས་ཚེས་ཉེར་བཞི་ཉིན་གྱི་དགོང་མོར་ནེ་ཀྲིར་ནུབ་ཕྱོགས་ཀྱི་ཏིས་ལཱ་པེ་ལི་ས་ཁུལ་ཆེན་མོའི་སྡེ་བ་གསུམ་ལ་འཇབ་རྒོལ་བྱས་ཏེ། མི་སེར་དཀྱུས་མ་བཅུ་གཅིག་རྐྱེན་ལམ་དུ་ཤོར་ཟེར། 

ནེ་ཀྲིར་བདེ་འཇགས་སྡེ་ཁག་གི་དཔོན་པོ་ཞིག་གིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། དྲག་ཆས་ཉེས་ཅན་དེ་དག་འཕྲུལ་རྟར་ཞོན་ནས་ཏིས་ལཱ་པེ་ལི་ས་ཁུལ་ཆེན་མོའི་སྡེ་བ་གསུམ་ལ་འཇབ་རྒོལ་བྱས་པ་དང་། ས་དེའི་སློབ་གྲྭ་དང་སྨན་ཁང་མེར་བསྲེགས། དེ་ལས་མི་སེར་དཀྱུས་མ་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་གཅིག་ལ་རྨས་ཕོག་ཡོད་ཟེར། 

ཟླ་འདིའི་ཚེས་ཉེར་གཅིག་ཉིན། དྲག་ཆས་ཉེས་ཅན་སྐོར་ཞིག་གིས་ནེ་ཀྲིར་ནུབ་ཕྱོགས་ཀྱི་ཐཱ་ཝ་ས་ཁུལ་ཆེན་མོའི་སྡེ་བ་མང་བོར་འཇབ་རྒོལ་བྱས་ཏེ། མི་སེར་དཀྱུས་མ་བརྒྱ་དང་སོ་བདུན་རྐྱེན་ལམ་དུ་ཤོར། ནེ་ཀྲིར་སྲིད་གཞུང་གིས་དེའི་རྗེས་སུ་ཚེས་ཉེར་གསུམ་ཉིན་ནས་བཟུང་ཉིན་གསུམ་ལ་རྒྱལ་ཡོངས་ནས་མྱ་ངན་ཞུ་རྒྱུ་ཁྱབ་སྒྲོག་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།