ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇི་ཡིས་ལས་ཁུངས་གསར་པ་བཙུགས་ནས་སྤྱི་བའི་འཕྲོད་བསྟེན་གྱི་བྲེལ་མྱུར་གནས་ཚུལ་ཐག་གཅོད་བྱེད་པའི་ནུས་པར་ཤུགས་སྣོན་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇིའི་འཕྲོད་བསྟེན་པུའུ་ཡིས་ཚེས་ཉེར་བཞིའི་ཉིན་བསྟན་དོན། དབྱིན་ཇི་ཡིས་ཟླ་བཞི་བའི་ཚེས་གཅིག་ཉིན་དབྱིན་ཇིའི་འཕྲོད་བསྟེན་བདེ་འཇགས་ཅུའུ་དངོས་སུ་བཙུགས་ཏེ། རིམས་ནད་འགོ་བ་སོགས་སྤྱི་བའི་འཕྲོད་བསྟེན་གྱི་བྲེལ་མྱུར་གནས་ཚུལ་ཐག་གཅོད་བྱེད་པའི་ནུས་པར་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར། 

དབྱིན་ཇིའི་འཕྲོད་བསྟེན་པུའུ་ཡིས་བཤད་རྒྱུར། ལས་ཁུངས་དེས་རྒྱལ་ཁབ་རང་གི་བདེ་ཐང་གཞི་གྲངས་དབྱེ་ཞིབ་དང་གཞི་རྒྱུའི་ཚད་འཇལ་ལས་རིམ་སོགས་ཐད་ཀྱི་ལག་རྩལ་ནུས་པ་ལེགས་སྒྲིག་བྱས་ཏེ། རྒྱལ་ཁབ་དང་ས་གནས་རིམ་པའི་སྤྱི་བའི་འཕྲོད་བསྟེན་བདེ་འཇགས་ཐད་ཚན་རིག་དབྱེ་ཞིབ་དང་བརྡ་འཕྲིན་ཕྱོགས་བསྡུས། ཐག་གཅོད་ནུས་པ་བཅས་འདོན་སྤྲོད་བྱེད་རྒྱུ་རེད་ཟེར། དབྱིན་ཀི་ལན་གྱི་དབུ་བཞུགས་སྨན་བཅོས་དཔོན་པོ་གཞོན་པ་ཀྲིན་ནེ་ཧཱ་ལི་སི་ཡིས་ལས་ཁུངས་དེའི་དབུ་བཞུགས་ལག་བསྟར་དཔོན་པོའི་འགན་ཁུར་རྒྱུ་ཡིན་པ་དང་། ལས་ཁུངས་དེ་བཙུགས་རྗེས་ཀྱི་ལས་འགན་གཙོ་བོ་ནི་མུ་མཐུད་དུ་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བ་བཟང་བོར་བསྒྲུབ་རྒྱུ་རེད་ཟེར། 

དབྱིན་ཇིའི་འཕྲོད་བསྟེན་བློན་ཆེན་མཱ་ཞིག་ཧན་ཁའོ་ཁི་ཡིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་བརྒྱུད་རིམ་ཁྲོད། དབྱིན་ཇི་ཡིས་སྤྱི་བའི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་ཕུལ་བྱུང་ཚན་རྩལ་གསར་སྤེལ་ནུས་པ་མངོན་པར་བྱས་ཡོད་ཀྱང་། སྤྱི་བའི་འཕྲོད་བསྟེན་གྱི་འཇིགས་ཉེན་གསར་བ་བྱུང་བ་དང་བསྟུན་ནས། རྒྱལ་དམངས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་ནས་སྔ་ན་མེད་པའི་འགྲན་རྩོད་དང་འཕྲད་ཡོད། དབྱིན་ཇིའི་འཕྲོད་བསྟེན་བདེ་འཇགས་ཅུའུ་ཡིས་རིམས་ནད་མཆེད་པར་འགོག་བཅོས་བྱེད་པར་གྲ་སྒྲིག་གང་ལེགས་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།