ཨུ་རུ་སིའི་ཙུང་ལི་ཡིས་ཨུ་རུ་སི་དང་ཞི་ལཱ་རྒྱལ་ཁབ་གཉིས་ཀྱིས་ཁྱབ་ཁོངས་མང་བོའི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ལི་མུས་ཧྲུའུ་སི་ཅིང་གིས་ཚེས་ཉེར་བཞིའི་ཉིན་བསྟན་དོན། ཞི་ལཱ་ནི་ཨུ་རུ་སིའི་ཡོ་རོབ་གླིང་གི་མཉམ་ལས་གྲོགས་པོ་གཙོ་བོ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱིས་ཁྱབ་ཁོངས་མང་བོ་ནས་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར། 

མུས་ཧྲུའུ་སི་ཅིང་ཉིན་དེར་ཞི་ལཱ་རུ་འབྱོར་ནས་དུས་ཡུན་ཉིན་གཉིས་ཀྱི་འཚམས་འདྲི་བྱེད་མགོ་བརྩམས་པར་མ་ཟད། ཚེས་ཉེར་ལྔ་ཉིན་ཞི་ལཱའི་རང་བཙན་འཐབ་འཁྲུག་བྱུང་ནས་ལོ་ངོ་ཉིས་བརྒྱ་འགོར་བར་རྗེས་དྲན་བྱེད་པའི་བྱ་འགུལ་ལ་ཞུགས་རྒྱུ་རེད། 

ཞི་ལཱའི་ཙུང་ལི་མུས་ཙོ་ཐཱ་ཅི་སི་ཡིས་ཚེས་ཉེར་བཞི་ཉིན་ཙུང་ལིའི་བཞུགས་ཤག་ནས་མུས་ཧྲུའུ་སི་ཅིང་དང་གྲོས་མོལ་བྱས། མུས་ཙོ་ཐཱ་ཅི་སི་ཡིས་གྲོས་མོལ་བྱས་རྗེས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཞི་ལཱ་ནི་ཡོ་རོབ་གླིང་མནའ་འབྲེལ་དང་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཡིན། དེ་ནི་ཞི་ལཱའི་ཕྱི་འབྲེལ་སྲིད་ཇུས་ཀྱི་རྨང་གཞི་ཡིན་ཡང་། ཞི་ལཱ་ཡིས་ད་རུང་ཨུ་རུ་སི་ནི་ཡོ་རོབ་གླིང་བདེ་འཇགས་སྒྲོམ་གཞིའི་ཤུགས་རྐྱེན་གལ་ཆེན་ཡིན་པར་བསམ་ཡོད་ཟེར། 

མུས་ཙོ་ཐཱ་ཅི་སི་ཡིས་བསྟན་དོན། མིག་སྔར་འཛམ་གླིང་ཡོངས་སུ་འཇིགས་སྐུལ་རིང་ལུགས་དང་ཐལ་སྤྱོད་རིང་ལུགས། ནམ་ཟླའི་འགྱུར་ལྡོག་སོགས་ཀྱི་འཇིགས་ཉེན་དང་འགྲན་རྩོད་ལ་འཕྲད་ཡོད་པས། ཕྱོགས་སོ་སོས་མཐུན་སྦྱོར་ཐག་གཅོད་བྱེད་དགོས་པ་ལས་ངོ་རྒོལ་བྱེད་པ་མ་ཡིན་ཟེར། 

མུས་ཧྲུའུ་སི་ཅིང་གིས་བཤད་རྒྱུར། པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པས་ཉིས་སྟོང་ཉི་ཤུ་ལོར་རྒྱལ་ཁབ་གཉིས་ཀྱི་ཕྱོགས་གཉིས་ཀྱི་ཉོ་ཚོང་སུམ་ཆའི་གཅིག་ཇེ་ཉུང་དུ་སོང་ཡོད་ལ། གནས་སྐོར་ལས་རིགས་ཀྱི་འགྲོ་འོང་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་ཞི་ལཱའི་བར་གྱི་སྨན་བཅོས་བདེ་སྲུང་དང་བརྡ་འཕྲིན་ལག་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་མཉམ་ལས་ལ་བརྟེན་ནས་རིམས་ནད་ཤུགས་རྐྱེན་ཐག་གཅོད་བྱེད་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།