ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་ནེ་ཀྲི་རི་ཡཱའི་བྱིས་པ་མང་བོར་དག་གཙང་གི་ཆུ་བཀོལ་རྒྱུ་མེད་ཅེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པའི་དཔོན་རིགས་ཀྱིས་ཚེས་ཉེར་གཉིས་ཉིན་བསྟན་དོན། ནེ་ཀྲི་རི་ཡཱའི་བྱིས་པ་མང་བོར་ཉིན་རྒྱུན་གྱི་དགོས་མཁོ་བསྐང་ཐུབ་པའི་དག་གཙང་གི་ཆུ་བཀོལ་རྒྱུ་མེད་པ་དང་། ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་ཏེ་གནད་དོན་དེ་ཐག་གཅོད་བྱེད་དགོས་ཟེར། 

ཟླ་གསུམ་པའི་ཚེས་ཉེར་གཉིས་ཉིན་ཏེ་འཛམ་གླིང་གི་ཆུའི་ཉིན་མོར། ནེ་ཀྲི་རི་ཡཱར་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པའི་འཐུས་མི་ཧའོ་ཅིན་སི་ཡིས་ཨ་པུའུ་ཅཱ་ནས་གསལ་སྒྲོག་སྤེལ་ཏེ། འཛམ་གླིང་ཡོངས་སུ་མི་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་བྱེ་བ་གཉིས་ལྷག་གིས་ཆུ་ཅུང་དཀོན་པའམ་ཡང་ན་ཆུ་ཧ་ཅང་དཀོན་པའི་ས་ཁུལ་དུ་འཚོ་བ་རོལ་བཞིན་ཡོད། དེའི་ནང་བྱིས་པ་དུང་ཕྱུར་བཞི་དང་བྱེ་བ་ལྔ་འདུས། ནེ་ཀྲི་རི་ཡཱའི་གནས་ཚུལ་ལྷག་ཏུ་ཀུན་གྱིས་སེམས་ཁུར་བྱེད་དགོས་པ་ཞིག་རེད་ཟེར། 

ཧའོ་ཅིན་སི་ཡིས་བཤད་རྒྱུར། ཆུ་དཀོན་པའི་གནད་དོན་གྱིས་མི་རེ་རེར་ཤུགས་རྐྱེན་བཟོ་བཞིན་ཡོད་པ་དང་། སྟོབས་ཞན་ཚོགས་ཁག་གི་བྱིས་པ་དག་ནི་ཆེས་ཆེ་བའི་གནོད་ཐེབས་མཁན་ཡིན་པ་སྙོན་མེད་རེད། ནེ་ཀྲི་རི་ཡཱ་རུ་མིག་སྔར་བྱིས་པ་བྱེ་བ་གཉིས་དང་ས་ཡ་དྲུག་འབུམ་ལྔ་ཙམ་ལ་ཉིན་རྒྱུན་འཚོ་བའི་དག་གཙང་གི་ཆུ་ཐོབ་པར་དཀའ་ཁག་ཅུང་ཆེ་བའམ་ཡང་ན་དཀའ་ཁག་ཧ་ཅང་ཆེ་བར་མངོན་ཟེར། 

ཧའོ་ཅིན་སི་ཡིས་བཤད་རྒྱུར། ནེ་ཀྲི་རི་ཡཱ་རུ་བརྒྱ་ཆའི་དོན་གསུམ་ཙམ་གྱི་མི་ལ་གཞི་རྩའི་འཐུང་ཆུ་ཐོབ་ཐུབ་ཀྱང་། དེའི་ནང་ཆུ་ཁུངས་ཕྱེད་ཀའི་ཡན་ལ་སྦགས་བཙོག་ཐེབས་ཡོད་པ་དང་། མི་རེའི་ཆ་སྙོམས་ཀྱི་ཉིན་རེའི་ཆུ་བཀོལ་ཚད་ཧྲིན་དགུ་ཙམ་ལས་མེད་ལ། བརྒྱ་ཆའི་གྱ་དྲུག་ལྷག་གི་མིར་བདེ་འཇགས་ཐག་གཅོད་བྱས་པའི་འཐུང་ཆུ་ཐོབ་ཐབས་མེད་ཟེར། ཁོས་ཕྱོགས་སོ་སོས་མཐུན་སྦྱོར་འགུལ་སྐྱོད་སྤེལ་བ་དང་། བྱེད་ཐབས་གསར་གཏོད་དང་དངུལ་གཏོང་། མཉམ་ལས་བཅས་ལ་བརྟེན་ནས་ནེ་ཀྲི་རི་ཡཱའི་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།