ཀྲུང་གོ་བོད་ཀྱི་དྲ་བ།

ལེ་པཱ་ནུན་གྱི་ཙུང་ཐུང་དང་འདེམ་སྒུག་ཙུང་ལིའི་ནེ་ཀིའི་རྩ་འཛུགས་ཀྱི་གྲོས་མོལ་ལ་གྲུབ་འབྲས་ཅི་ཡང་ཐོབ་མེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལེ་པཱ་ནུན་གྱི་ཙུང་ཐུང་ཨོ་ཨིན་དང་འདེམ་སྒུག་ཙུང་ལི་ཧཱ་ལི་ལི་གཉིས་ཀྱིས་ཚེས་ཉེར་གཉིས་ཉིན་ཡང་བསྐྱར་ནེ་ཀིའི་རྩ་འཛུགས་གནད་དོན་ཐད་ནས་གྲོས་མོལ་བྱས་ཀྱང་གྲུབ་འབྲས་ཅི་ཡང་ཐོབ་མེད། 

ཧཱ་ལི་ལི་ཡིས་སྐར་མ་ཉི་ཤུ་ཙམ་གྱི་གྲོས་མོལ་མཇུག་སྒྲིལ་རྗེས་གསར་འགོད་པར་བཤད་རྒྱུར། ཨོ་ཨིན་གྱིས་ཚེས་ཉེར་གཅིག་ཉིན་གྱི་དགོང་མོར་ཆོས་ལུགས་གྲུབ་མཐའ་དང་ཏང་ཁག་ལྟར་ལས་གནས་བགོ་བཤའ་བྱེད་པའི་ནེ་ཀིའི་བཅོས་སྒྲིག་ཇུས་གཞི་བཏོན། ཇུས་གཞི་དེས་ཨོ་ཨིན་འཐབ་ཕྱོགས་ལ་ནེ་ཀིའི་ཁྲོད་སུམ་ཆའི་གཅིག་གི་ཐག་གཅོད་དབང་ཆ་ཐོབ་སྲིད་པས། དེ་ནི་དང་ལེན་བྱེད་ཐབས་མེད་པ་ཞིག་ཡིན་པར་མ་ཟད། ཙུང་ཐུང་གིས་ནེ་ཀི་རྩ་འཛུགས་བྱེད་པའང་རྩ་ཁྲིམས་དང་འགལ་ཡོད་པས་ཁོས་གྲོས་མོལ་བྱེད་སྐབས་ཨོ་ཨིན་གྱི་ཇུས་གཞི་ཁས་ལེན་མ་བྱས་པ་ཡིན་ཟེར། 

དེའི་སྔོན་ཧཱ་ལི་ལི་དང་ཨོ་ཨིན་གྱིས་ནེ་ཀིའི་རྩ་འཛུགས་གནད་དོན་ལ་གྲོས་མོལ་ཐེངས་བཅུ་བདུན་བྱས་མྱོང་ཡང་། ཕྱོགས་གཉིས་ཀྱིས་སྲིད་གཞུང་གསར་བའི་པུའུ་ཀྲང་གི་ཁ་གྲངས་དང་ལས་གནས་བགོ་བཤའ། ཐག་གཅོད་དབང་ཆ་སོགས་གནད་དོན་ཐད་ནས་གྲོས་མཐུན་འགོད་མ་ཐུབ་པས། ནེ་ཀིའི་རྩ་འཛུགས་གནད་དོན་དེ་ད་ལྟའི་བར་ཐག་གཅོད་བྱེད་མ་ཐུབ་པ་རེད། 

ཧཱ་ལི་ལི་ན་ནིང་ཟླ་བཅུ་བར་ཙུང་ལི་གསར་བར་བསྐོ་འཇོག་བྱས་པ་དང་། ཟླ་འགའི་རིང་ལ། ཧཱ་ལི་ལི་དང་ཨོ་ཨིན་གྱི་འཐབ་ཕྱོགས་བར་ཙུང་ཐུང་གི་ནེ་ཀིའི་རྩ་འཛུགས་ཁྲོད་ཀྱི་ནུས་པའི་ཐད་འགལ་བ་ཡོད་ལ། ཕྱོགས་གཉིས་ཀྱིས་རྩ་ཁྲིམས་ལ་རང་རང་ས་ནས་འགྲེལ་བརྗོད་བྱས་ཡོད། 

ལེ་པཱ་ནུན་གྱིས་ལག་བསྟར་བྱེད་པ་ནི་ཆོས་ལུགས་གྲུབ་མཐའི་དབང་བགོའི་སྒྲིག་ལུགས་ཡིན་ཞིང་། ཙུང་ཐུང་དང་ཙུང་ལི། རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་བཅས་ནི་སོ་སོར་ཡེ་ཤུའི་ཆོས་ལུགས་ཀྱི་མཱ་ལུང་ཕྱོགས་ཁག་དང་དབྱི་སི་ལན་ཆོས་ལུགས་ཀྱི་ཞོན་ནེ་ཕྱོགས་ཁག དབྱི་སི་ལན་ཆོས་ལུགས་ཀྱི་ཧྲི་ཡེ་ཕྱོགས་ཁག་བཅས་ཀྱི་མིས་འགན་ཁུར་དགོས་ཡོད། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། ལེ་པཱ་ནུན་གྱི་དཔལ་འབྱོར་དཀའ་སྡུག་ཉིན་རེ་བཞིན་ཇེ་ཆེར་སོང་བ་དང་། སྤྱི་བའི་དངུལ་བུན་གྱི་ཁུར་བོ་ལྗིད་པའི་ཁེ་ལས་མང་བ་དང་། ལས་ཤོར་གྱི་ཚད་ཇེ་མཐོ་ཡིན་ལ། དངོས་གོང་ཇེ་མཐོ་ནས་ཇེ་མཐོ་ཡིན་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།