ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་གྱིས་གློ་བུར་དུ་ཨ་ཧྥུའུ་ཧན་ལ་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཨོ་སི་ཏེན་གྱིས་ཚེས་ཉེར་གཅིག་ཉིན་གློ་བུར་དུ་ཨ་ཧྥུའུ་ཧན་ལ་འཚམས་འདྲི་བྱས་པ་དང་། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་དང་གྲོས་མོལ་བྱས། དེ་ནི་ཨོ་སི་ཏེན་གྱིས་ད་ལོའི་ཟླ་དང་པོར་ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་གྱི་འགན་ཁུར་བའི་ཚུན་ལ་ཐོག་དང་པོར་ཨ་ཧྥུའུ་ཧན་དུ་འཚམས་འདྲི་བྱས་པ་རེད། 

ཨ་ཧྥུའུ་ཧན་གྱི་ཙུང་ཐུང་བཞུགས་ཤག་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཅཱ་ནེ་ཡིས་ཉིན་དེར་ཁཱ་པོར་ནས་ཨོ་སི་ཏེན་དང་གྲོས་མོལ་བྱས་ཏེ། ཨ་ཧྥུའུ་ཧན་གྱི་ཞི་བདེའི་འཕེལ་རིམ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་སོགས་གནད་དོན་ལ་གྲོས་བསྡུར་བྱས། ཕྱོགས་གཉིས་ཀྱིས་ཨ་ཧྥུའུ་ཧན་དུ་བསྟུད་མར་དྲག་ཤུགས་དོན་རྐྱེན་བྱུང་བར་སེམས་ཁུར་བྱེད་པའི་ཚུལ་བསྟན་པ་དང་། མིག་སྔའི་གནས་བབ་ཐག་གཅོད་བྱེད་པའི་རྩ་བའི་བྱེད་ཐབས་ནི་འདྲ་མཉམ་དང་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་པ་དེ་ཡིན་པ་ནན་བཤད་བྱས། 

ཅཱ་ནེ་ཡིས་བསྟན་དོན། ཨ་ཧྥུའུ་ཧན་གྱི་ཕྱོགས་ཁག་སོ་སོས་རྒྱལ་ཁབ་ཀྱི་ཞི་བདེའི་འཕེལ་རིམ་ཐད་ཐུན་མོང་གི་ལྟ་ཚུལ་ཡོད་པ་དང་། ཨ་ཧྥུའུ་ཧན་སྲིད་གཞུང་གིས་འབྲེལ་ཡོད་ཀྱི་ཐུན་མོང་ལྟ་ཚུལ་བེད་སྤྱོད་གང་ལེགས་བྱས་ཏེ་ཞི་བདེ་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར། ཨོ་སི་ཏེན་གྱིས་བསྟན་དོན། ཨ་མེ་རི་ཁས་ཨ་ཧྥུའུ་ཧན་གྱི་ཞི་བདེ་དང་གཏན་འཇགས་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར། 

གཞན་ཡང་ཨ་མེ་རི་ཁའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཨོ་སི་ཏེན་གྱིས་པཱ་པོར་ནས་ཅཱ་ནེ་སོགས་ཨ་ཧྥུའུ་ཧན་སྲིད་གཞུང་གི་མཐོ་རིམ་དཔོན་པོ་དང་གྲོས་མོལ་བྱས་ཏེ། གྲོས་མོལ་གྱི་ཐབས་ལ་བརྟེན་ནས་ཨ་ཧྥུའུ་ཧན་གྱི་འཐབ་འཁྲུག་མཇུག་སྒྲིལ་དུ་འཇུག་པར་རེ་བའི་ཚུལ་བསྟན། 

སྔ་ཉིན་ཨོ་སི་ཏེན་གྱིས་རྒྱ་གར་དུ་འཚམས་འདྲི་བྱེད་སྐབས་བསྟན་དོན། ཁོས་ཤེས་གསལ་ལྟར་ན། ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་དུས་ལྟར་ཨ་ཧྥུའུ་ཧན་ནས་དམག་དཔུང་ཕྱིར་འཐེན་བྱེད་མིན་ཐད་མཇུག་མཐའི་ཆོད་དོན་སྤེལ་མེད་ཟེར། 

ཨ་མེ་རི་ཁའི་སྐབས་སྔོན་མའི་སྲིད་གཞུང་གིས་ཉིས་སྟོང་ཉི་ཤུ་ལོའི་ཟླ་གཉིས་པར་ཏའོ་ཏཱ་ནས་ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་བར་གྲོས་མཐུན་བཀོད་དེ། ཉིས་སྟོང་ཉེར་གཅིག་ལོའི་ཟླ་ལྔ་བའི་ཚེས་གཅིག་ཉིན་གྱི་སྔོན་ལ་ཨ་ཧྥུའུ་ཧན་དུ་ཡོད་པའི་ཨ་མེ་རི་ཁའི་དམག་མི་ཚང་མ་ཕྱིར་འཐེན་བྱེད་རྒྱུར་གྲོས་འཆམ་བྱུང་ཡོད། ཟླ་འདིའི་ཟླ་སྟོད་དུ་པེད་ཏིན་གྱིས་གསར་འགྱུར་ལས་རིགས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཨ་མེ་རི་ཁས་ཟླ་ལྔ་བའི་ཚེས་གཅིག་ཉིན་གྱི་སྔོན་ལ་ཨ་ཧྥུའུ་ཧན་ནས་དམག་དཔུང་ཕྱིར་འཐེན་བྱེད་པར་དཀའ་ཁག་ཡོད་པ་དང་། གལ་སྲིད་དམག་དཔུང་ཕྱིར་འཐེན་གྱི་དུས་ཚོད་འགོར་འགྱངས་བྱེད་དགོས་ཀྱང་དུས་ཡུན་རིང་བོ་འགོར་མི་སྲིད་ཟེར། ཟླ་གསུམ་པའི་ཚེས་བཅུ་དགུའི་ཉིན། ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་གྱིས་ཨ་མེ་རི་ཁ་ཕྱོགས་ཀྱིས་ཟླ་ལྔ་བའི་ཚེས་གཅིག་ཉིན་གྱི་སྔོན་ལ་དམག་དཔུང་ཕྱིར་འཐེན་བྱེད་པའི་དམ་བཅའ་རྩིས་མེད་དུ་གཏོང་མི་རུང་བ་དང་། དེ་ལྟར་བྱས་ན་ཐཱ་ལེ་པན་གྱིས་དགོས་ངེས་ཀྱི་རྒོལ་ལན་སྤྲོད་ངེས་པའི་ཉེན་བརྡ་བཏང་། 

དབྱེ་ཞིབ་མི་སྣས་བལྟས་ན། ཨ་མེ་རི་ཁའི་དམག་དཔུང་ཕྱིར་འཐེན་གྱི་དུས་ཡུན་ཇེ་ཐུང་དུ་སོང་བ་དང་བསྟུན་ནས། ཨ་ཧྥུའུ་ཧན་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥུའུ་ཧན་གྱི་གནས་བབ་འཕེལ་ཕྱོགས་ཐད་ཀྱི་སེམས་ཁུར་ཇེ་ཆེར་འགྲོ་བཞིན་ཡོད། གལ་ཏེ་ཨ་མེ་རི་ཁས་འཆར་གཞི་ལྟར་དམག་དཔུང་ཕྱིར་འཐེན་བྱས་ཀྱང་། ཨ་ཧྥུའུ་ཧན་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་དུས་ལྟར་ཞི་བདེའི་གྲོས་མཐུན་འགོད་མ་ཐུབ་ན། རྒྱལ་ཁབ་དེའི་མ་འོངས་པའི་བདེ་འཇགས་གནས་བབ་སྔར་ལས་ཇེ་སྡུག་ཏུ་འགྲོ་སྲིད་པར་འདོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།