ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱིས་རིགས་རྒྱུད་རིང་ལུགས་ལ་ངོ་རྒོལ་བྱེད་པའི་མཐོ་རིམ་གྲོས་ཚོགས་སྐབས་དང་པོ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཕུའུ་ཐའོ་ཡཱ་ཡིས་མཉམ་དུ་སྤེལ་བའི་ཡོ་རོབ་གླིང་མནའ་འབྲེལ་གྱི་རིགས་རྒྱུད་རིང་ལུགས་ལ་ངོ་རྒོལ་བྱེད་པའི་མཐོ་རིམ་གྲོས་ཚོགས་སྐབས་དང་པོ་ཚེས་བཅུ་དགུའི་ཉིན་བརྙན་རིས་ཀྱི་རྣམ་པས་སྤེལ། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་གྱིས་ཚོགས་ཐོག་ནས་ཁོངས་གཏོགས་རྒྱལ་ཁབ་སོ་སོས་འགུལ་སྐྱོད་སྤེལ་ཏེ། ཟོལ་མེད་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཉིས་སྟོང་ཉི་ཤུ་ལོ་ནས་ཉིས་སྟོང་ཉེར་ལྔ་ལོའི་བར་གྱི་རིགས་རྒྱུད་རིང་ལུགས་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཉིས་སྟོང་ཉི་ཤུ་ལོའི་ཟླ་དགུ་བར་ཡོ་རོབ་གླིང་མནའ་འབྲེལ་གྱི་ཉིས་སྟོང་ཉི་ཤུ་ལོ་ནས་ཉིས་སྟོང་ཉེར་ལྔ་ལོའི་བར་གྱི་རིགས་རྒྱུད་རིང་ལུགས་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་འཆར་གཞིར་དངོས་སུ་གྲོས་མཐུན་བཀོད་དེ། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁྱབ་ཁོངས་སོ་སོར་གནས་པའི་གྲུབ་ཚུལ་རང་བཞིན་གྱི་རིགས་རྒྱུད་རིང་ལུགས་ཀྱི་སྣང་ཚུལ་ཁས་ལེན་བྱས་པར་མ་ཟད། ཁོངས་གཏོགས་རྒྱལ་ཁབ་སོ་སོས་རྒྱལ་ཁབ་རང་གི་རིགས་རྒྱུད་རིང་ལུགས་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་འཆར་གཞི་གཏན་འབེབས་བྱེད་དགོས་པའི་རེ་བ་བཏོན། 

ཧྥུན་ཏི་ལའེ་ཨིན་གྱིས་མགོ་རྩོམ་པའི་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། རིགས་རྒྱུད་རིང་ལུགས་ལ་ངོ་རྒོལ་བྱེད་པ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་སྲོལ་འབྱེད་རྩ་དོན་ཡིན་ཞིང་། རྒྱལ་ཁབ་ལ་ལར་རྩ་དོན་དེར་འགལ་བའི་བྱ་སྤྱོད་ཡོད་ན་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་དགོས་ངེས་ཀྱི་སྐབས་སུ་བཅའ་ཁྲིམས་ཞུ་གཏུག་བྱེད་ངེས་ཡིན་ཟེར། ཁོ་མོས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་མྱུར་མོར་རིགས་རྒྱུད་རིང་ལུགས་ལ་ངོ་རྒོལ་བྱེད་པའི་མཐུན་སྦྱོར་བ་ཞིག་གཏན་འཁེལ་བྱེད་རྒྱུ་མ་ཟད། ཁོངས་གཏོགས་རྒྱལ་ཁབ་སོ་སོས་སང་ལོའི་ལོ་མཇུག་གི་སྔོན་ལ་རང་རང་གི་རིགས་རྒྱུད་རིང་ལུགས་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་འཆར་གཞི་གཏན་འབེབས་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཧྥུན་ཏི་ལའེ་ཨིན་གྱིས་བཤད་རྒྱུར། ཉིས་སྟོང་ཉི་ཤུ་ལོ་ནས་ཉིས་སྟོང་ཉེར་ལྔ་ལོའི་བར་གྱི་རིགས་རྒྱུད་རིང་ལུགས་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་འཆར་གཞི་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་ལོ་རྒྱུས་སྟེང་རིགས་རྒྱུད་རིང་ལུགས་ལ་ངོ་རྒོལ་བྱེད་པའི་འཆར་གཞི་ཐོག་མ་ཡིན་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་མུ་མཐུད་དུ་རིགས་རྒྱུད་རིང་ལུགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས་ཏེ། ནན་ཏན་གྱིས་མང་ཚོགས་དང་འབྲེལ་ཡོད་ལས་ཁུངས་ཀྱི་བསམ་འཆར་གྲོས་གཞིར་ཉན་རྒྱུ་ཡིན་ཟེར། 

ཕུའུ་ཐའོ་ཡཱའི་རྒྱལ་དོན་པུའུ་ཀྲང་དང་པུའུ་ཀྲང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་འགན་གཅིག་ལྕོགས་སུ་ཁུར་མཁན་མཱ་ལོས་ཨན་ནཱ་ཞི་ཨར་ཝ་ཡིས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། པྲོག་གསར་གློ་ཚད་རིམས་ནད་ཀྱིས་སྟོབས་ཞན་ཚོགས་ཁག་ལ་འདྲ་མཉམ་མིན་པའི་ལྟ་སྟངས་འབྱུང་བར་ཉེན་ཁ་ཇེ་དྲག་ཏུ་བཏང་ཡོད་ཟེར། ཁོ་མོས་ཕུའུ་ཐའོ་ཡཱ་ཡིས་ཉིས་སྟོང་ཉེར་གཅིག་ལོའི་ལོ་སྟོད་ལ་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་སྐབས་སུ་མུ་མཐུད་དུ་ཡོ་རོབ་གླིང་མནའ་འབྲེལ་གྱི་རིགས་རྒྱུད་རིང་ལུགས་ལ་ངོ་རྒོལ་བྱེད་པའི་དུས་ཚོད་རེའུ་མིག་ལག་བསྟར་བྱས་ཏེ། བྱེད་ཐབས་སྣ་ཚོགས་དངོས་འབེབ་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། 

ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་པའོ་ལོས་ལེ་ཡིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་ནས་རིགས་རྒྱུད་རིང་ལུགས་ནི་གྱོད་དོན་རེ་འགའ་ཙམ་མ་ཡིན་པར་གྲུབ་ཚུལ་རང་བཞིན་གྱི་གནད་དོན་ཞིག་ཡིན་པས། ངེས་པར་དུ་བྱེ་བྲག་གི་འགུལ་སྐྱོད་སྤེལ་ནས་རིགས་རྒྱུད་རིང་ལུགས་ཀྱི་སྣང་ཚུལ་རྩ་བ་ནས་མེད་པར་གཏོང་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།